ཁྱེད་ཉིད་གནས་ས།:མདུན་ངོས། > གསོ་རིག  > བོད་ཀྱི་གསོ་རིག

ཧུང་ཡོན་རྫོང་བོད་སྨན་ཁང་གི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།      དུས་ཚོད།  2016-03-24 16:50:08     རྩོམ་ཁུངས།  རྔ་བའི་གསར་འགྱུར་དྲ་བ།

        ཧུང་ཡོན་རྫོང་བོད་སྨན་ཁང་ནི་སྤྱི་ལོ་2003ལོར་སྒོ་བསྟེན་སྨན་ཁང་གི་རྨང་གཞིའི་ཐོག་ནས་བོད་སྨན་ཁང་དུ་བསྒྱུར། སྨན་ཁང་འདི་ཉིད་ནི་གཞུང་བཙུགས་དམངས་ཕན་གྱི་རང་བཞིན་ལྡན་ཞིང་ཁྱད་ཆོས་འཐས་ཚང་དུ་གྱུར་བའི་བོད་ལུགས་སྨན་ཁང་ཞིག་ཡིན། རྫོང་ཡོངས་ཀྱི་བོད་སྨན་ལག་རྩལ་གསོ་སྐྱོང་བྱེད་ས་དང་། སློབ་གྲྭ་ཆེ་འབྲིང་ཁག་ལས་ཐོན་པའི་དངོས་སྦྱོང་སློབ་མར་མཛུབ་སྟོན་བྱེད་ས་ཞིག་ཀྱང་ཡིན། སྨན་ཁང་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞིམ་39918ཡོད་ལ། འཛུགས་སྐྲུན་བྱས་ཟིན་པའི་རྒྱ་ཁྱོན་སྨི་གྲུ་བཞིམ5442.36ཡོད། སྨན་ཁང་ཡང་སྡེབ་སྦྱོར་ཁང་དང་སྒོ་སྟེན་ཁང་། ནད་པའི་སྡོད་ཁང་། བོད་ལུགས་དཔྱད་བཅོས་ཚན་ཁག་སོགས་དབྱེ་ཡོད་ལ། ཁོང་ནད་དང་ཕྱི་ནད། མོ་ནད། བྱིས་ནད་སོགས་ཀྱི་ཚན་ཁག་ཀྱང་འབྱེད་པ་མ་ཟད། རྫས་འགྱུར་བརྟག་དཔྱད་དང་DRབརྟག་དཔྱད། Bསྒྲ་བརྟག་དཔྱད་སོགས་ནད་གཞི་ཟུར་རྟོགས་ཀྱི་བརྟག་ཆས་ཆ་ཚང་འཛོམས་ཡོད། ནད་པའི་སྡོད་ཁང་དུ་ཉལ་ཁྲི་བརྒྱད་ཅུ་ཙམ་འཆར་གཞི་བཀོད་ཀྱང་དངོས་སུ་ལག་བསྟར་དུ་ཉལ་ཁྲི་ལྔ་བཅུ་ཙམ་བེད་སྤྱོད་པ། སྨན་པ་འབུམ་རམས་པ་དང་རབ་འབྱམས་པ། དཀའ་བཅུ་བ་སོགས་ལས་སྣ་བཅུ་ཕྲག་བཞི་ཙམ་ཡོད་ལ། རྒྱལ་ཁབ་རིམ་པའི་ལག་རྩལ་སྣེ་ཁྲིད་དང་། ཁུལ་རིམ་པའི་ལག་རྩལ་སྣེ་ཁྲིད་སོགས་ཆེད་ལས་ཀྱི་སྨན་པ་ཁ་ཤས་བཞུགས། སྡེབ་སྦྱོར་ཁང་གིས་རྒྱུན་མཁོའི་སྡེབ་ཁ་བརྒྱ་ཕྲག་གསུམ་ཙམ་ཐོན་སྐྱེད་བྱས་ལ།  དངུལ་ཆུ་བཙོ་བཀྲུ་དང་རཏྣ་བསམ་འཕེལ་སོགས་ཞིབ་སྤྱོད་བྱེད་བཞིན་མཆིས།  ནད་པའི་སྡོད་ཁང་གི་སྨན་པ་རྣམས་ཀྱིས་རྒྱ་བོད་ཀྱི་སྨན་རྣམས་ཟུང་དུ་འབྲེལ་ནས་རྩ་ཁབ་དཔྱི་ཁབ་སོགས་དངོས་སུ་སྤྱོད་པར་མ་ཟད།  སྣ་སྨན་འཇམ་རྩི་སོགས་ལག་བསྟར་བྱས།  སྒོ་བསྟེན་སྨན་པ་རྣམས་ཀྱིས་བལྟ་རེག་དྲི་གསུམ་གྱི་སྒོ་ནས་ནད་ངོས་བཟུང་ཞིང་།   གཏར་བསྲེག་དུགས་ལུམས་སོགས་ཀྱང་བེད་སྤྱོད་བྱེད་བཞིན་ཡོད། བོད་སྨན་ཁང་གིས་ལམ་ཕྱོགས་གསར་བ་དང་བསམ་གཞིགས་གསར་བ། རེ་སྙེག་གསར་བ། ཁ་ཕྱོགས་གསར་བ་སོགས་ལ་དམིགས་ནས། མི་དམངས་མང་ཚོགས་ཀྱི་བདེ་ཐང་གཙིགས་སུ་འཛིན་བཞིན་ཡོད་ལགས།།


པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།