ཁྱེད་ཉིད་གནས་ས།:མདུན་ངོས། > གསོ་རིག  > གསར་འགྱུར།

སྐབས་དྲུག་པའི་བོད་ལུགས་གསོ་རིག་ཟབ་སྦྱོང་འཛིན་གྲྭ་པེ་ཅིང་དུ་བསྡུས།

རྩོམ་པ་པོ།      དུས་ཚོད།  2016-03-24 16:09:14     རྩོམ་ཁུངས།  རྔ་བའི་གསར་འགྱུར་དྲ་བ།

         ཟླ་༡༠ཚེས་༡༤ཉིན་སྐབས་དྲུག་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་གི་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་དེ་པེ་ཅིང་བོད་སྨན་ཁང་ནས་དངོས་སུ་སློབ་འགོ་ཚུགས་ཤིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལོའུ་ཡུན་ཧྭ་དང་། པེ་ཅིང་བོད་སྨན་ཁང་གི་མགོ་གཙོ་ཧྭང་ཧྥུ་ཁེ་སོགས་སློབ་འགོ་ཚུགས་པའི་མཛད་སྒོ་ཞུགས་འདུག དེ་ཡང་མཚོ་སྔོན་དང་ཀན་སུའུ་སོགས་ལྗོངས་དང་ཞིང་ཆེན་བདུན་ནས་སླེབས་པའི་སློབ་མ་ ༡༠༨ ཀྱིས་འདི་རུ་དུས་ཡུན་ཉིན་བདུན་རིང་སློབ་སྦྱོང་གནང་རྒྱུ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཀྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་འདིར་བོད་ལྗོངས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་མིག་དམར་ལགས་ཀྱིས་བོད་ཀྱི་གསོ་རིག་ལོ་རྒྱུས་གླེང་པ་ཞེས་པའི་སྐོར་ནས་འཆད་ཁྲིད་གནང་བ རེད། 

           སྨན་པ་ཉི་ཟླས་སྤྱི་ལོ་༢༠༡༤ལོ་སྨད་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་མཛད་འཕྲིན་བསྐྱང་པའི་གསར་འགྱུར་མདོར་བསྡུས།

          ཕ་རན་སི། ཕ་རན་སིའི་ཆོས་ཚོགས་སྨན་བླ་གླིང་དུ་སྤྱི་ཟླ་དགུ་བའི་ཚེས་དགུ་ནས་ཚེས་བཅོ་ལྔ་བར་དུ་གཡུ་ཐོག་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་བསྡུས་པ་དང་། སྨན་སློབ་སུམ་བཅུ་ལྷག་དང་མཉམ་དུ་གཡུ་ཐོག་བླ་སྒྲུབ་ཞག་བདུན་གནང་། དེ་རྗེས་གཡུ་ཐོག་སྙིང་ཐིག་གི་རྫོགས་རིམ་སྐུ་གསུམ་རང་ཤར་གྱི་ལུས་ལྷ་སྐུར་སྦྱོང་བ་རྩའི་སྐོར་གྱི་ཁྲིད་ཉིན་གསུམ་ལ་གནང་། ཁོང་གིས་དབྱིན་སྐད་དུ་བརྩམ་པའི་འཇའ་ལུས་གསང་ལམ་ཞེས་པའི་གཡུ་ཐོག་སྙིང་ཐིག་གི་དཔེ་ཆའི་ངོ་སྤྲོད་ལ་སློབ་མ་ཚོས་དགའ་བསུ་ཆེན་པོ་བྱུང་པ་དང་དཔེ་ཆེ་དེ་ཕ་རན་སིའི་སྐད་དུ་བསྒྱུར་འགོ་ཡང་ཚུགས་པ་དང་། ས་ཁུལ་གྱི་ནད་པ་མང་པོར་སྨན་བཅོས་ཀྱི་འགྲོ་དོན་ཡང་རྒྱ་ཆེར་བསྐྱངས་སོ།།

          དབྱིན་ཇི། དབྱིན་ཇི་གསོ་རིག་ཁང་གིས་གྲྭ་སྒྲིག་བྱས་པ་ལྟར་ཚེས་བཅུ་དགུ་ལ་དབྱིན་ཇིའི་རྒྱལ་ས་ལོན་ཏོན་ཏུ་སེམས་རིག་སློབ་གླིང་དུ་འདུས་པ་བཞི་བཅུ་ལྷག་ལ་བོད་སྨན་ངོ་སྤྲོད་གཏམ་བཤད་གནང་བར་སློབ་གླིང་གི་དགེ་སློབ་གཉིས་ཀས་བོད་སྨན་གྱི་གཏིང་ཟབ་པའི་གཞུང་དང་ལག་ལེན་ལ་བློ་ལས་འདས་པའི་ངེས་ཤེས་རྙེད་ཟེར། དེ་བཞིན་བདུན་གཅིག་རིང་བོད་ཀྱི་ལུས་སྦྱོང་གི་ཆ་ལག་གནས་སྦྱངས་ཀྱི་འཕྲུལ་འཁོར་ཉེར་བཞི་དང་། སྔགས་བཅོས་དང་། གཡུ་ཐོག་འཕོ་བ་དང་། གསོ་རིག་རྒྱུད་བཞི་ལས་བྱུང་བའི་འཆི་ལྟས་དང་བར་དོའི་སྐོར་གྱི་ངོ་སྤྲོད་བཅས་ཁྱོན་བསྡོམ་མི་སྣ་ལྔ་བཅུ་ལྷག་ལ་ཁྲིད་གནང་སྟབས་ཕལ་ཆེ་བས་བློ་བསྐྱེད་ཆེན་པོ་བྱུང་ངོ་།།

           ཧོ་ལན་ཊི། ཚེས་ཉེར་དྲུག་ནས་ཧོ་ལན་ཌི་རྒྱལ་ཁབ་གྱི་རྒྱལ་སར་འདུས་པ་ཉི་ཤུ་ཙམ་ལ་གཡུ་ཐོག་སྙིང་ཐིག་གི་ངོ་སྤྲོད་གཏམ་བཤད་དང་། གཟའ་མཇུག་ཏུ་གཡུ་ཐོག་སྙིང་ཐིག་གི་རྨི་ལམ་དང་བར་དོའི་ངོ་སྤྲོད་སྨན་སློབ་བཅོ་ལྔ་ཙམ་ལ་གནང་། ས་ཁུལ་གྱི་སྨན་པ་འགའ་ཤས་ལྷན་དུ་རྗེས་སུ་རྨི་ལམ་རིག་པ་སོགས་ཞིབ་འཇུག་བྱ་རྒྱུའི་གྲོས་མོལ་ཡང་རྒྱས་ཙམ་གནང་པ་དང་། ཉམས་ཐག་ནད་པ་མང་པོར་སྨན་བཅོས་ཀྱང་གནང་ངོ་།།

སུད་སི། རྒྱལ་སྤྱིའི་གསོ་རིག་ཁང་གི་བཀོད་སྒྲིག་ལྟར་སྤྱི་ཟླ་བཅུ་བའི་ཚེས་བདུན་ནས་ཉེར་གསུམ་བར་དུ་སུད་སི་རྒྱལ་ས་བུན་དུ་སྨན་སློབ་བཅུ་གཉིས་ལ་གསོ་རིག་རྒྱུད་བཞི་ལས་མན་ངག་རྒྱུད་ཀྱི་མོ་ནད་དང་བྱིས་ནད་སྐོར་གྱི་སློབ་ཁྲིད་ཞིབ་རྒྱས་སུ་གནང་པ་དང་ཁོང་ཚོས་མཐར་ཕྱིན་དཔྱད་རྩོམ་འབྲི་རྒྱུར་སློབ་སྟོན་གནང་།པ་དང་ དེ་བཞིན་ནད་པའི་ནད་རྟགས་ཚུལ་དང་གསོ་ཚུལ་བཅས་ཀྱི་ནད་ཐོག་ལག་ལེན་ཡང་ཚད་དང་ལྡན་པ་གནང་།

         འཇར་མན། ཚེར་བཅུ་གསུམ་ནས་བཅོ་བརྒྱད་བར་དུ་འཇའ་མན་གྱི་གྲོང་ཁྱེར་ཕུ་རི་པོ་རྒུ་ཞེས་པར་ཀེ་ལ་ཤི་སྨན་གྱི་སློབ་གླིང་དུ་སྨན་སློབ་བཅོ་ལྔ་ཙམ་ལ་བོད་སྨན་གྱི་སྨན་སྨན་རྫས་དགུ་བཅུ་ལྷག་དང་སྨན་སྦྱོར་བརྒྱད་བཅུ་ཙམ་གྱི་ངོ་སྤྲོད་དང་གནད་འགག་རྣམས་ཞིབ་ཏུ་ཁྲིད། དེ་བཞིན་མི་སྣ་དྲུག་བཅུ་ཙམ་ལ་བོད་སྨན་དང་བཅུད་ལེན་དང་མི་ན་བ་གསོ་བར་བྱེད་པའི་སྐོར་གཏམ་བཤད་གནང་བར་ཚང་མས་བོད་སྨན་གྱི་གཞུང་ནི་དུས་མཐུན་གྱི་སྨན་རིག་པ་ངོ་མཚར་ཞེས་བསྟོད་བསྔགས་བྱས།

         དེ་རྗེས་ཕི་རན་ཀི་ཕོས་སུ་ས་ཁུལ་གྱི་སྨན་པ་གྲགས་ཅན་ཁ་ཤས་དང་ལྷན་དུ་བོད་སྨན་ལ་དོ་སྣང་ཆེ་བའི་མི་སྣ་སུམ་བཅུ་ཙམ་ལ་བོད་སྨན་ལས་སྙིང་རླུང་སེམས་ཁམས་མི་བདེ་བའི་སྐོར་གཏམ་བཤད་དང་། འཇར་མན་གྱི་ཆོ་ཚོགས་ཨ་ཧུཾ་གླིང་དུ་སློབ་མ་ཉི་ཤུ་ཙམ་ལ་གཡུ་ཐོག་སྙིང་ཐིག་ལུགས་ཀྱི་རྩ་ཁྲིད་རྒྱས་པ་གནང་། ཚེས་ཉི་ཤུ་ནས་སུད་སི་རུ་རྒྱལ་ཁབ་བརྒྱད་ནས་ཡོང་བའི་བོད་ལུགས་བསྐུ་མཉེའི་དགེ་རྒན་རྣམས་ལ་བོད་སྨན་གྱི་དཔྱད་བཅོས་དང་ཁྱད་པར་བྱུག་པའི་སྐོར་གྱི་སློབ་ཁྲིད་རྒྱས་པ་གནང་ངོ་།

         སི་པན་རྒྱལ་ཁབ་ཏུ། ཟླ་བཅུ་གཅིག་ཚེས་༡་ཉིན་ནས་༦་བར་དུ་བོད་སྨན་གྱི་ཉེས་པ་གསུམ་གྱི་ནད་ཁམས་རིག་པ་སྨན་སློབ་རྙིང་པ་བཅུ་གསུམ་ལ་ཁྲིད་གནང་པ་དང་། དཔྱད་བཅོས་སློབ་མཐར་ཕྱིན་པ་ཚོས་དཔྱད་རྩོམ་སྦྱང་བསྒྲག་བྱས་པ་དང་། ཁྱད་པར་དུ་གསོ་རིག་ཁང་གི་མཐར་ཕྱིན་སློབ་མ་སི་པིན་གྱི་སྨན་པ་གྲགས་ཅན་ཀར་ལེ་མེན་ཀེལ་གྱིས་བོད་ལུགས་གོ་རིག་དང་ཨོ་མེ་ཕ་ཏིས་སྨན་གཞུང་གཉིས་ཀྱི་དཔྱད་རྩོམ་སྤེལ་བར་ཚང་མས་བསྔགས་བརྗོད་ཐོབ་པ་དང་། ཁོང་གིས་སྨན་པ་ཉི་ཟླ་ལ་དམིགས་བསལ་གྱི་དྲིན་ཞུ་དང་ཁོང་ནི་བོད་སྨན་ཚད་ལྡན་ཕྱི་་གླིང་དུ་སྤེལ་མཁན་གཙོ་བོ་དང་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཁང་ནི་དེང་དུས་མེད་དུ་མི་རུང་བའི་སྨན་གྱི་ཚོགས་པ་ཞིག་ཡིན་པས་ངས་དུས་རྟག་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་སོ།།

ཚེས་བདུན་ཉིན་གཡུ་ཐོག་སྙིང་ཐིག་གི་ངོ་སྤྲོད་གཏམ་བཤད་མི་སྣ་ལྔབཅུ་ཙམ་ལ་བྱས་པ་དང་། དེ་རུ་བོད་སྨན་གྱིས་དེང་དུས་ཀྱི་ནད་གཞི་མང་པོར་ནུས་པ་ཅི་ལྟར་ཐོན་ཚུལ་དང་སྨན་དང་ཆོས་གཉིས་ཟུང་འབྲེལ་ལ་བཟང་ཆ་དང་སྐྱོན་ཆ་ཅི་ཡོད་དང་། སྨན་རྒྱལ་གཡུ་ཐོག་པའི་གསོ་རིག་རྒྱུད་བཞི་དང་གཡུ་ཐོག་སྙིང་ཐིག་གཉིས་བརྩམས་ཞིང་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་འགྲོ་བ་མི་ཐམས་ཅད་མི་ན་བར་གནས་པ་དང་ན་བ་གསོ་བར་བྱས་ཏེ་ཆོས་ནོར་བདེ་གསུམ་ཐོབ་རྒྱུའི་དོན་ཡིན་སོགས་གསལ་དུ་གསུངས་པ་སྨན་སློབ་མང་པོས་དོགས་སེལ་ལ་ཕན་ཐོག་ཆེན་པོ་ཐོབ་ཟེར།

        ཚེས་བརྒྱད་དང་དགུ་ཉིན་གཉིས་ལ་རྒས་པ་གསོ་བ་དང་རོ་ཙའི་སྐོར་གྱི་སློབ་ཁྲིད་མི་སྣ་བཞི་བཅུ་ལྷག་ལ་ཁྲིད་་པ་དང་། ཁྱད་པར་རྫས་དང་སྨན་གྱི་བཅུད་ལེན་དང་། སྔགས་དང་སྨན་ལུགས་ཀྱི་བཅུད་ལེན་ལ་ཁྱད་པར་ཅི་ཡོད་སོགས་ཀྱི་སྐོར་ལ་འགྲེལ་བ་ཁ་གསལ་གནང་ཞིང་། བདུད་རྩི་རིལ་དཀར་སོགས་སྨན་སྣ་ཁ་ཤས་ཀྱི་ཕན་ཡོན་དང་བསྟེན་ཐབས་སོགས་ཀྱང་གསུངས་པ་དང་། དགོང་མོའི་གཏམ་བཤད་དུ། གཡུ་ཐོག་སྙིང་ཐིག་གི་སྔོན་འགྲོའི་ལུང་དང་ལྷན་དུ་སྨན་པ་ཞིག་གིས་ནང་བསྟན་ཆོས་ལུགས་ཇི་ལྟར་ཉམས་སུ་ལེན་རྒྱུ་དང་སྨན་གཞུང་གི་སེམས་ཁམས་ནད་གཞི་ཁག་ལ་ཆོས་ལུགས་གཞུང་དང་བསྒོམ་གཉེར་བྱས་ན་ཕན་ཡོན་ཅི་ལྟར་ཡོད་པ་དང་། བོད་སྨན་གྱི་མ་འོངས་འཕེལ་རྒྱས་དང་ཚད་ལྡན་གྱི་བོད་སྨན་སློབ་གསོ་དར་སྤེལ་བྱ་ཚུལ་སོགས་གསུངས་སོ།

             ཨི་ཊ་ལི། ཚེས་༡༧ནས་༣༠ལ་སྨན་སློབ་སུམ་བཅུ་ལྷག་ལ་རྡོ་རྗེ་ཐེག་པའི་སྔོན་འགྲོ་སྤྱི་དང་ཁྱད་པར་གཡུ་ཐོག་སྙིང་ཐིག་གི་སྔོན་འགྲོ་བློ་ལྡོག་རྣམ་བཞི་དང་སྐྱབས་སེམས་དང་རྡོར་སེམས་བསྒོམ་བཟླས་ཀྱི་དམིགས་རིམ་དང་ཕན་ཡོན་སོགས་ཞིབ་ཏུ་གནང་། ཚེས་ཉི་ཤུ་ནས་ཉེར་བཞི་བར་དུ་སྨན་ཆོས་སློབ་མ་དྲུག་བཅུ་ལྷག་ལ་གཡུ་ཐོག་སྙིང་ཐིག་ལུས་ཁམས་རྩ་ཁྲིད་དང་། ཚེས་ཉེར་དགུ་བར་དུ་མན་ངག་རྒྱུད་ལས་མོ་ནད་དང་བྱིས་ནད་སོགས་ཁྲིད་ལ། ་རྗེས་སུ་བསྐུ་མཉེའི་དགེ་རྒན་གྱི་སློབ་ཁྲིད་དང་མཐར་ཕྱིན་དཔྱད་རྩོམ་གྱི་བགྲོ་གླེང་སོགས་གནང་བའོ།།



པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།