ཁྱེད་ཉིད་གནས་ས།:མདུན་ངོས། > རིག་གནས།  > དཔྱད་རྩོམ།

དེང་རབས་བོད་ཀྱི་སྒྲུང་ཐུང་གསུམ་གྱི་བརྗོད་སྙིང་ཐད་ཅུང་ཙམ་དཔྱད་པ།

རྩོམ་པ་པོ།  རྩམ་སྐྱེས།    དུས་ཚོད།  2017-05-22 10:38:13     རྩོམ་ཁུངས།  རྔ་བའི་གསར་འགྱུར་དྲ་བ།


        གླེང་གཞི།

        སྤྱིར་རང་རེའི་ཁ་བ་ཅན་ལ་སྙན་ངག་མེ་ལོང་མ་གཙོར་བཟུང་བའི་སྲོལ་རྒྱུན་གྱི་རྩོམ་རིག་ལ་མཚོན་ན།བརྗོད་བྱ་དང་རྗོད་བྱེད་ཀྱི་སྒྱུ་རྩལ་ཐབས་ལམ་སོགས་ཁྱད་དུ་འཕགས་པའི་གཞུང་ལུགས་དང་བརྩམས་ཆོས་རི་བོའི་གཏོས་དང་མཉམ་པར་ཡོད་ཅིང་།དེའི་སྤྱི་ཚོགས་ཀྱི་དོན་སྙིང་དང་རིག་གནས་ཀྱི་དོན་སྙིང་སོགས་གཞལ་དུ་མེད་པར་ངེས།ཡིན་ཡང་བར་སྐབས་སུ་དུས་ཀྱི་འཕོ་འགྱུར་སྣ་ཚོགས་ཀྱི་དབང་གིས་སྲོལ་རྒྱུན་རྩོམ་རིག་དང་བཅས་པའི་སྲོལ་རྒྱུན་གྱི་རིག་གནས་མཐའ་དག་དགག་བྱར་བཟུང་ཞིང་།དེང་རབས་ཀྱི་རྩོམ་རིག་དང་བཅས་པའི་རིག་གནས་གསར་བ་ཐམས་ཅད་བསྒྲུབ་བྱར་འཛིན་པའི་དངོས་ཡོད་སྤྱི་ཚོགས་ཀྱི་གནས་ཚུལ་བྱུང་བའི་འོག  དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་།གངས་རིའི་ལྗོངས་སུའང་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་སྔོན་གྱི་སྲོལ་དང་མི་འདྲ་བའི་རིག་གནས་གསར་བའམ་རྩོམ་རིག་གསར་བ་དར་འགོ་བརྩམས་ཤིང་།དེ་ལས་དེང་རབས་བོད་ཀྱི་བརྩམས་སྒྲུང་ལ་མཚོན་ན།༼མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ༽ནི་སྲོལ་རྒྱུན་གྱི་བརྩམས་སྒྲུང་ནས་དེང་རབས་ཀྱི་བརྩམས་སྒྲུང་དུ་འཕེལ་བའི་བར་བརྒལ་གྱི་བརྩམས་སྒྲུང་དུ་བརྩིས་ཏེ།དེར་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་ཁྱད་ཆོས་ལྡན་པར་ངོས་འཛིན་བྱེད།སྐབས་བབས་ཀྱི་གླེང་བྱར་གྱུར་བའི་སྒྲུང་ཐུང་གསུམ་ནི་བར་བརྒལ་གྱི་མཚོན་བྱེད་བརྩམས་སྒྲུང་དེའི་རྗེས་སུ་བྱུང་བ་ཞིག་ཡིན།ལོ་རབས་བརྒྱད་ཅུ་བའི་ཚུན་ཆད་ཀྱི་དེང་རབས་གསར་བྱུང་རྩོམ་པ་པོ་དང་རྩོམ་རིག་དཔྱད་བརྗོད་པས་གདེང་འཇོག་གནང་བ་ལྟར་ན།སྒྲུང་ཐུང་འདི་གསུམ་གྱི་བརྗོད་སྙིང་ནི་རིག་གནས་གསར་རྙིང་གཉིས་ཀྱི་འགལ་འདུ་མཚོན་པའི་ལམ་ནས།སྲོལ་རྒྱུན་རིག་གནས་ལ་དགག་བཞག་དང་དེང་རབས་རིག་གནས་ལ་མདུན་བསུ་བྱེད་པའི་ལྟ་ཚུལ་བརྗོད་ཡོད་པར་བཞེད།དེའང་སྐབས་དེའི་ལོ་རྒྱུས་དང་དངོས་ཡོད་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་འོག་ནས་བྱུང་བའི་ཐོན་དངོས་ཤིག་ཀྱང་ཡིན་ངེས་མོད།ཡིན་ནའང་སྒྲུང་ཐུང་འདི་གསུམ་གྱི་བརྗོང་སྙིང་ལ་ཞིབ་ཏུ་བརྟགས་ན།གོང་གསལ་གྱི་ལྟ་ཚུལ་དེ་དང་མི་མཐུན་པའི་ཤུགས་བསྟན་གྱི་གོ་དོན་གཞན་པ་ཞིག་ཀྱང་རྙེད་ཐུབ་པས།འདིར་གཙོ་བོ་དེང་རབས་ཀྱི་ཤེས་ཡོན་པས་གླེང་གཞིའི་སྒྲུང་ཐུང་གསུམ་གྱི་བརྗོད་སྙིང་ལ་གནང་བའི་གདེང་འཇོག་དང་ལྟ་ཚུལ་གཞིར་བཟུང་སྟེ།ལོ་རྒྱུས་དང་དངོས་ཡོད་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་སོགས་དང་ཟུང་འབྲེལ་སྒོས།རིག་གནས་ཞིབ་འཇུག་གི་དཔྱད་བརྗོད་བྱེད་ཐབས་གཙོར་བཟུང་སྟེ།ཡང་བསྐྱར་གླེང་གཞིའི་སྒྲུང་ཐུང་གསུམ་གྱི་བརྗོད་སྙིང་གི་ཤུགས་བསྟན་གྱི་གོ་དོན་གསར་བ་ཞིག་འཚོལ་ཞིབ་བྱེད་པའི་བགྱི་བ་ཁུར་དུ་ལེན་ཁུལ་བྱེད་རྒྱུ།
        གཅིག  སྒྲུང་ཐུང་གསུམ་གྱི་སྤྱིར་བཏང་གི་བརྗོད་སྙིང་ཕྱིེར་འདོན་པ།
        ལར་སྒྲུང་ཐུང་འདི་གསུམ་གྱི་སྒྱུ་རྩལ་གྱི་ཐབས་ལམ་དང་གཏམ་རྒྱུད་ཀྱི་སྤྲོས་ཚུལ་མི་འདྲ་བའི་ཆ་ནས།སོ་སོའི་བརྗོད་སྙིང་གི་གཏིང་ཟབ་ཚད་དང་ཁྱབ་ཆེ་ཆུང་གི་ཐད་ནས་ཁྱད་པར་ཅུང་ཡོད་ཀྱང་བརྗོད་སྙིང་ཕལ་ཆེར་གཅིག་མཚུངས་སུ་ངེས་པས།བྱེ་བྲག་ཏུ་དྲངས་ན་ཐོག་མར༼ཅ་ནེ༽ཡི་བརྗོད་སྙིང་ནི་རྒད་པོ་འབྲུལ་རྒྱལ་གྱིས་རང་ལ་ཡོད་པའི་ཅ་ནེ་དྲེག་པ་ཅན་དེ་རང་གི་སྲོག་ལས་ཀྱང་གཅེས་པར་འཛིན་པའི་ལམ་ནས།བསམ་བློ་རྙིང་བའི་བཀག་རྒྱ་ལས་ཐར་མི་ཐུབ་པའམ་ཡང་ན་ཐར་མི་འདོད་པར།རྙིང་བ་མཁྲེགས་འཛིན་གྱིས་རྟོག་དཔྱོད་ཀྱི་བསམ་བློ་ཡེ་ནས་མེད་པར་སྲོལ་རྒྱུན་འཛིན་རྐྱང་དང་།ཨུ་ཚུགས་མཐའ་སྐྱེལ་བྱེད་པར་ཐེར་འདོན་དང་སུན་འབྱིན་སྒོས།རྙིང་བ་འཛིན་རྐྱང་མི་བྱེད་པར་གསར་བ་དང་ལེན་བྱེད་དགོས་པ་ཤུགས་སུ་བསྟན་ཡོད།༼ཆ་མི་འགྲིག་པའི་ལྷམ༽གྱི་བརྗོད་སྙིང་ནི་སློབ་གྲོགས་ལྕགས་ལོས་སྣང་མེད་དུ་གཉིད་མ་ལངས་ཀྱི་ཁྲོད་ནས་ལྷམ་ཆ་མི་འགྲིག་པ་ཞིག་གྱོན་ནས་སློབ་གྲྭར་སྐྱོད་པའི་ལམ་བར་དང་།སློན་གྲྭར་བསླེབས་རྗེས་སུ་དགེ་རྒན་སོགས་ཀྱིས་ཁོ་ལ་འཛིན་པའི་རྣམ་འགྱུར་དང་ལྟ་ཚུལ་བརྒྱུད་དེ།བསམ་བློ་རྙིང་བའི་རྔམས་མཐུག་ཅིང་སྟུག་ལ།འཇིག་རྟེན་གསར་བ་དང་དུས་རབས་གསར་བར་བསླེབས་ཀྱང་།ད་དུང་ཡང་ལྟ་ཚུལ་དང་འཁྱེར་སོ་རྙིང་བ་བཟུང་ནས་བྱ་དངོས་ཐམས་ཅད་ལ་བརྟག་དཔྱད་བྱེད་པའི་དགོད་སྤྲོ་བའི་བསམ་སྦྱོར་ལ་དགག་རྒྱག་དང་ཐེར་འདོན་ཤུགས་ཆེན་སྒོས།གསར་རྙིང་བར་གྱི་འགལ་བ་ཛ་དྲག་ཡིན་པའི་དངོས་ཡོད་གནས་ཚུལ་མཚོན་པ་བརྒྱུད།བྱ་དངོས་གང་རུང་ལ་རྟོག་དཔྱོད་བྱེད་སྐབས་ཚན་རིག་དང་མཐུན་པའི་ལྟ་བ་དང་རྣམ་དཔྱོད་ལ་བརྟེན་པ་ལས།རྨོངས་ཚོད་ཀྱིས་འཇུག་མི་རུང་བའི་བསམ་བློ་ཤུགས་སུ་བསྟན་ཞིང་།༼མི་རབས་གསུམ་གྱི་ཕྲུག་ཝ༽ཡི་བརྗོད་སྙིང་ནི་གཙོ་བོ་ཨ་ཕ་ལྷུན་གྲུབ་ཀྱི་སྣང་བརྙན་བརྒྱུད་དེ།ནམ་ཡང་འགྱུར་བ་མེད་པའི་སྲོལ་རྒྱུན་གྱི་མཛེས་དཔྱོད་ལྟ་བ་དང་དགོད་སྤྲོ་བའི་འཁྱེར་སོ།དུས་དང་མི་མཐུན་པའི་རྗེས་ལུས་ཀྱི་བསམ་སྦྱོར་སོགས་ལ་ཐེར་འདོན་དང་སུན་འབྱིན་སྒོས།ཡུལ་དུས་དང་འཚམ་པའི་བསམ་བློ་དང་མཛེས་དཔྱོད་ལྟ་བ་སོགས་མེད་ན།རྗེས་ལུས་ནས་ཡང་ལུས་སུ་འགྱུར་ངེས་པ་ཤུགས་སུ་བསྟན།
        མདོར་ན་སྒྲུང་ཐུང་འདི་གསུམ་གྱི་བརྗོང་སྙིང་ནི་དེང་འདིར་བོད་སྤྱི་ཚོགས་ཀྱི་ཁྲོད་དུ་བསམ་བློ་གསར་རྙིང་གཉིས་སམ་ལྟ་བ་གསར་རྙིང་གཉིས་སམ།མི་རབས་གསར་རྙིང་གཉིས་བར་གྱི་འགལ་བ་མངོན་གསལ་དྲག་པོར་གནས་ཡོད་པ་མཚོན་པ་བརྒྱུད།བྱ་དངོས་གསར་བར་འབོད་སྐུལ་དང་རྙིང་ཞེན་མཁྲེགས་འཛིན་གྱི་བསམ་བློར་འཕྱ་དམོད་བྱས་ཤིང་།བསམ་བློ་གསར་རྙིང་གཉིས་ཀྱི་འགལ་བ་ནི་ཡོངས་ཁྱབ་ཏུ་གནས་པས།བསམ་བློ་གསར་བ་དང་བྱ་དངོས་གསར་བ་ནང་འདྲེན་དང་།བསམ་བློར་བསྒྱུར་བཀོད་བྱ་རྒྱུ་ནི་བོད་ནི་འབྱོར་ཕྱུག་སྟོབས་ལྡན་གྱི་མི་རིགས་ཤིག་ཏུ་བསྒྱུར་རྒྱུའི་གཞི་རྩ་དམ་པ་ཡིན་པ་ཝ་ལེར་བསྟན་ཡོད།
       གཉིས།  དེང་རབས་བརྩམས་སྒྲུང་གི་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་བརྒྱ་ལྗོངས་དབྱེ་ཞིབ།
      ཐོག་མར་བོད་ཀྱི་དེང་རབས་བརྩམས་སྒྲུང་ནི་བོད་རང་ས་རང་ཡུལ་གྱི་རྩམ་པ་ལས་བྱུང་བ་ཞིག་མིན་པར།བོད་མི་རིགས་ལ་མཚོན་ན་དེའི་འབྱུང་ཁུངས་ནི་རྒྱ་ནག་གི་ཉེ་དེང་རབས་ཀྱི་ལོ་རྒྱུས་དང་རྩོམ་རིག་གསར་བར་གཏུགས་དགོས།དེ་ཡང་རྒྱ་ནག་གི་དམིགས་བསལ་རང་བཞིན་གྱི་ལོ་རྒྱུས་ལས་བྱུང་བའི་དེང་རབས་རྩོམ་རིག་གི་འབྱུང་ཁུངས་རྟོགས་དགོས་ན།ཐོག་མར་རྒྱ་ནག་གི་ལོ་རྒྱུས་ཁྲོད་བྱུང་བའི་དུས་འགྱུར་ཆེན་པོ་གཉིས་ཏེ།ལྔ་བཞིའི་ལས་འགུལ་དང་རིག་གནས་གསར་བརྗེ་གཉིས་ལ་མི་འབྲེལ་ཐུ་མེད་དུ་ངེས།ལྔ་བཞིའི་ལས་འགུལ་ནི་རྒྱ་ནག་ལ་མཚོན་ན་ལོ་རྒྱུས་ཀྱི་ས་མཚམས་གལ་ཆེན་ཞིག་ཡིན།རྒྱུ་མཚན་ནི་ལས་འགུལ་དེ་ལ་བརྟེན་ཏེ་རྒྱ་ནག་ལ་ནུབ་ཀྱི་རིག་གནས་གསར་བ་དར་ཞིོང་། རྒྱ་ནག་གི་མཁས་པ་རྣམས་ཀྱིས་ཀྱང་ལྔ་བཞིའི་ལས་འགུལ་གྱི་སྔ་རྗེས་ནི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་གཉིས་སུ་བརྩིས་པར་མ་ཟད།དེ་ནི་བསམ་བློ་བཅོས་བསྒྱུར་གྱི་ལས་འགུལ་ཞིག་ལ་ངོས་བཟུང་ཞིང་།ལས་འགུལ་དེ་སྤྱི་ཚོགས་སུ་རྒྱ་ཆེར་སྤེལ་དགོས་ན།དེ་འབྲེལ་གྱི་ཐབས་ལམ་ངེས་པར་མཁོ་བས་ཐབས་ལམ་དེའང་གཙོ་བོ་རྩོམ་རིག་ལ་བརྟེན་ཏེ།སྲོལ་རྒྱུན་གྱི་ཡིག་སྐད་རྩོམ་རིགས་ལ་མཐའ་གཅིག་ཏུ་དགགས་ཏེ།ཕལ་སྐད་རྩོམ་རིགས་དར་སྤེལ་བྱེད་པའི་ལམ་ནས་ལྔ་བཞིའི་ལས་འགུལ་རྒྱ་ཆེར་སྤེལ་བ་བརྒྱུད་དེ།ནུབ་ཀྱི་དམངས་གཙོ་རིང་ལུགས་དང་ཚན་རིག་གི་ལྟ་བ་དང་བཅས་པའི་བྱ་དངོས་གསར་བ་དང་བསམ་བློ་གསར་བ་སོགས་ནང་འདྲེན་བྱས་པར་མ་ཟད།དགག་རྒྱག་གི་མདུང་རྩེ་སྲོལ་རྒྱུན་ལ་ཤུགས་ཆེར་གཏད་དེ།སྤྱི་ཚོགས་ཀྱི་ཕྱོགས་ཐམས་ཅད་ནས་བསྒྱུར་བཀོད་གཏོང་བ་སྟེ།རྙིང་བཞི་འདོར་བའི་བསམ་བློ་ཐོག་མར་སྤེལ།དེ་ནས༡༩༦༦ལོར་ཀྲུང་དབྱང་ལྷན་ཚོགས་ནས་གྲོས་ཆོད་དོན་ཚན་བཅུ་བདུན་ཅན་ཞིག་བཏོན་ཞིང་།དེ་ལས་ལྟ་བ་གསར་བ་དང་རིག་གནས་གསར་བ།ཡུལ་སྲོལ་གསར་བ།སྤྱོད་པ་གསལ་བ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་བསམ་བློ་དང་ལྟ་ཚུལ་བརྗེ་དགོས་ཞེས་གསལ་བོར་བཀོད་པར་མ་ཟད།མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེ་བྱེད་དགོས་པའི་བསྒྲགས་གཏམ་ཡང་སྤེལ།དེ་ནས་བཟུང་རིག་གནས་གསར་བརྗེའི་ལས་འགུལ་དེ་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཚ་ཚ་འུར་འུར་དུ་བྱུང་སྟེ།སྤྱི་ཚོགས་ཀྱི་ཕྱོགས་ཐམས་ཅད་ནས་གྲལ་རིམ་འཐབ་རྩོད་དང་རྙིང་བཞི་འདོར་བའི་ཆབ་སྲིད་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར།དེ་ལྟར་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྒྱབ་ལྗོངས་འོག་ནས་རྒྱ་ནག་ལ་སྲོལ་རྒྱུན་དང་འགལ་བ་ལྟག་སྤྲོད་དུ་གནས་པའི་རྩོམ་རིག་གསར་བ་སྟེ།དེང་རབས་བརྩམས་སྒྲུང་སོགས་དར་འཕེལ་བྱུང་།
        བོད་ཀྱི་དེང་རབས་རྩོམ་རིག་གི་ཤིང་རྟའི་སྲོལ་འབྱེད་དུ་གྲགས་པའི་རང་གྲོལ་ལ་མཚོན་ན།ཁོང་ནི་སློབ་མ་ཡིན་པའི་སྐབས་སུ་ཏག་ཏག་རིག་གསར་གྱི་ལས་འགུལ་ཚ་ཚ་འུར་འུར་དུ་འབྱུང་བཞིན་པའི་སྐབས་སུ་འཁེལ་ཞིང་།ཁོང་ལ་མཚོན་ན་སྐབས་དེར་བྱིས་པ་དག་སྣང་ཅན་ཞིག་ཏུ་ངེས་ནའང་།དམིགས་བསལ་གྱི་ལོ་རྒྱུས་དང་དངོས་ཡོད་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཆེན་མོའི་ཁྲོད།རྒྱལ་ཡོངས་སུ་འཚུབ་རླུང་བཞིན་དྲག་ཏུ་ལྡིང་བཞིན་པའི་རིག་གནས་གསར་བརྗེའི་ལས་འགུལ་དང་འབྲེལ་བའི་དགོངས་པ་དང་།དེ་འབྲེལ་གྱི་ཐབས་ལམ་དང་བྱེད་ཕྱོགས་སོགས་ཀྱིས་ཁོང་གི་ནག་ནོག་གི་དྲི་མ་བྲལ་བའི་ལུས་ངག་ཡིད་གསུམ་གྱི་ཤོག་དཀར་ངོས་སུ་བག་ཆགས་དང་ཤུགས་རྐྱེན་ཟབ་མོར་འཇོག་ངེས་པས།ཁོང་གིས་ཀྱང་སྐབས་ཐོག་དེའི་དུས་རབས་དང་དངོས་ཡོད་སྤྱི་ཚོགས་ཀྱི་གནས་ཚུལ་རྨང་གཞིར་བཟུང་སྟེ།ཁྱིམ་མཚེས་མི་རིགས་ལ་མིག་ལྟོས་སྒོས།མི་རིགས་རང་གི་སྲོལ་རྒྱུན་དང་མི་འདྲ་བའི་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཧུར་གྱིས་ཞུགས་ཏེ།བོད་སྤྱི་ཚོགས་ལའང་བསྒྱུར་བཀོད་གཏོང་བའི་ཐབས་སུ་འབད་འབུངས་གནང་ཡོད།དེ་བས་ཁོང་གི་གསར་རྩོམ་དང་བསམ་བློ་སོགས་ནི་ཐད་ཀར་དུས་རབས་དང་དངོས་ཡོད་སྤྱི་ཚོགས་དེ་ཉིད་ཀྱི་ས་ཞིང་ལས་བྱུང་བའི་མྱུ་གུར་ངེས།དེ་ལྟར་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ཚུན་ཆད་ནས་བཟུང་།ཁོང་གིས་མི་རིགས་རང་གི་སྔ་སྲོལ་དང་མི་མཐུན་པའི་རྩོམ་རིག་གསར་རྩོམ་རབ་དང་རིམ་པར་གནང་རྗེས།དམིགས་བསལ་གྱི་སྤྱི་ཚོགས་ཁྲོད་རིག་གནས་ཀྱི་བཀྲེས་སྐོམ་ཤིན་ཏུ་ཆེ་བའི་བོད་ཀྱི་གསར་སྐྱེས་རྩོམ་པ་པོ་རྣམས་ཀྱིས་རང་གྲོལ་གྱི་གསར་རྩོམ་དང་རྒྱ་ནག་གི་རྩོམ་རིགས་གསར་བར་དམིགས་དཔེར་བཟུང་སྟེ།རང་རང་ས་ནས་དེང་རབས་རྩོམ་རིག་སྟེ་རང་མོས་སྙན་ངག་དང་བརྩམས་སྒྲུང་།ལྷུག་རྩོམ་བཅས་ཀྱི་གསར་རྩོམ་ལམ་བུར་ཤུགས་ཀྱིས་བརྒྱུགས།དེར་བརྟེན་བོད་ཀྱི་དེང་རབས་རྩོམ་རིག་གི་འབྱུང་ཁུངས་རྒྱ་ནག་ལ་ཐུག་ཡོད་པར་བསྙོན་དུ་མེད།
      གསུམ།  གླེང་གཞིའི་སྒྲུང་ཐུང་གསུམ་གྱི་བརྗོད་སྙིང་གསར་བ་འཚོལ་ཞིབ།
       གླེང་གཞིའི་སྒྲུང་ཐུང་གསུམ་གྱི་བརྗོད་སྙིང་དང་སྒྱུ་རྩལ་གྱི་ཐབས་ལམ་གཉིས་ཆ་ནས།བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་གསར་རྩོམ་ཐབས་ལམ་དང་ཡེ་ནས་མི་འདྲ་ཞིང་།ལོ་རྒྱུས་དང་སྤྱི་ཚོགས་ཀྱི་ས་ཞིང་མི་འདྲ་བར་བྱུང་བའི་ཐུན་མིན་གྱི་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་གཉིས་སུ་གྲུབ་ཡོད།ཐོག་མར་སྒྱུ་རྩལ་བརྩམས་ཆོས་དང་རྩོམ་པ་པོ་ཞིག་ལ་ཞིབ་འཇུག་དང་རྒྱུས་ལོན་བྱེད་དགོས་ན།སྐབས་དེའི་དུས་རབས་ཀྱི་དགོངས་པ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་སོགས་ལ་བསམ་གཞིག་བྱེད་དགོས་ཞེས་གསུངས་པ་ལྟར།དེང་རབས་ཀྱི་ཤེས་ཡོན་པས་གོང་གསལ་སྒྲུང་ཐུང་གསུམ་ལ་དཔྱད་བརྗོད་གནང་བའི་སྤྱིར་བཏང་གི་བརྗོད་སྙིང་གཞིར་བཟུང་ན།དེ་ལས་རྒྱ་ནག་གི་ལྔ་བཞིའི་ལས་འགུལ་དང་རིག་གསར་གཉིས་ཀྱི་དགོངས་པ་དང་།སྐབས་དེའི་དངོས་ཡོད་སྤྱི་ཚོགས་ཀྱི་གོམས་སྲོལ་སོགས་ཀྱི་ཤན་ཞུགས་དང་གྲིབ་གཟིགས་ཅུང་མངོན་གསལ་དུ་བདོག  རྒྱ་ནག་ལ་མཚོན་ན་དུས་འགྱུར་ཆེན་མོ་དེ་གཉིས་བརྒྱུད་དེ།རྙིང་བཞི་འདོར་ཞིང་གྲལ་རིམ་འཐབ་རྩོད་སོགས་ཀྱི་རླུང་ཡན་གང་སར་མཆེད་རྗེས།མཐར་དེའི་གཞི་ལམ་འབྲས་གསུམ་ཐད་རེ་བའི་འབྲས་བཟང་སྨིན་དཀའ་བར་རྟོགས་པས།མཐར་སྡོམ་ནན་མོས་ལོ་བཅུའི་གོད་ཆག་ཅེས་ལོ་རྒྱུས་ཀྱི་ནོར་འཁྲུལ་ཆེན་མོར་བརྩིས་ཏེ།མི་འདོད་བཞིན་དུ་ནོར་འཁྲུལ་ཡོ་བསྲང་གི་ལམ་བུར་ཕྱིར་ལྡོག་སྒོས།བསྐྱར་དུ་བསྒྱུར་བཀོད་གསར་བའི་ལམ་ཆེན་དུ་ཁ་ཕྱོགས་ཏེ་དུས་ཡུན་ཤིན་ཏུ་རིང་བོ་ཞིག་བགོར་ཡོད་ནའང་།བོད་ཀྱི་གསར་སྐྱེས་རྩོམ་པ་པོ་རྣམས་ད་དུང་ཡང་སྐབས་དེའི་དུས་རབས་ཀྱི་དགོངས་པ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་རྙིང་བའི་རྒྱ་རྙི་ལས་ཡོངས་སུ་ཐར་མེད་པར།རྙིང་བ་ཞིག་གི་གྲིབ་གཟིགས་ཁྲོད་འཐིམ་ཡོད་པར་སྣང་།
        དེའང་སྒྲུང་ཐུང་གསུམ་ལས་དཔེ་རེ་དྲངས་ཏེ་བརྟགས་ན།རྒད་པོ་འབྲུག་རྒྱལ་ལ་མཚོན་ན།ཅ་ནེ་དེ་ནི་བཅིངས་འགྲོལ་མ་བྱས་པའི་གོང་རོལ་ཏུ་ཨ་ལགས་ཤིག་གིས་ལྷ་ས་ནས་ཁོ་ལ་ཆེད་དུ་བསྐུར་བ་ཞིག་ཡིན་པས།ཆོས་དད་མང་ཚོགས་རྣལ་མ་ཞིག་ལ་མཚོན་ན་བླ་སློབ་བར་གྱི་ཆོས་འབྲེལ་དང་དད་པ་ཟབ་མོའི་དབང་གིས།ངོ་མ་རིན་ཐང་ཤིན་ཏུ་ཆེ་བ་ཞིག་ཡིན་ངེས།ལྷག་ཏུ་ཁོས་གསར་བུ་རྣམས་ལ་རྒོལ་ལམ་སྤྲོད་སྐབས།ལྔ་བརྒྱད་ལོ་དང་རིག་གསར་སྐབས་སུའང་གཞན་ལག་ལ་འཆོར་དུ་མ་བཅུག ད་ལྟ་ཕོར་བ་གསར་བ་ཞིག་ལ་བརྗེ་དགོས་དོན་མེད་ཅེས་པའི་ཚིག་དེ་ལས།ཆོས་དད་མང་ཚོགས་ཕལ་བ་ཞིག་ལ་མཚོན་ནའང་ལོ་རྒྱུས་ཀྱི་ཡ་ང་བའི་དུས་འགྱུར་ཇི་འདྲའི་རྒོད་ཅིང་།ཡ་ཆུང་སེམས་ཀྱི་དད་འདུན་དང་བླ་སློབ་བར་གྱི་མི་དབྱེའི་ཆོས་འབྲེལ་བརྟན་པོར་བཟུང་ཞིང་།ཐ་ན་འཆི་བའི་སྲོག་ལ་བབས་ཀྱང་།ཁོས་བཤད་པ་ལྟར་དངོས་པོའང་རྙིང་བ་བཟང་ཞེས་པའི་དངོས་པོ་དེའང་ཅ་ནེ་ཙམ་མ་ཡིན་པར།ཅ་ནེ་ལས་འདས་པའི་མི་གཤིས་ཀྱི་སྒམ་བརླིང་དང་སྙིང་སྟོབས་ཤིག་མཚོན་ཞིང་།ཅ་ནེ་ལགས།ཁྱེད་ཀྱིས་ང་ལ་དཀའ་ལས་ཐེངས་མང་མྱོང་དུ་བཅུག་ཅེས་པའང་དོན་མེད་ལབ་རྡོག་ཅིག་མིན་པར་ཤུགས་བསྟན་གྱི་གོ་དོན་ཤིན་ཏུ་གཏིང་ཟབ་ཅིང་།རང་གི་དམ་བཅའ་དང་ཕུགས་འདུན་གྱི་ཆེད་དུ་རང་སྡུག་རང་གིས་ཉོ་དགོས་པ་གཞིར་བཞག་སྒོས་དཔའ་ཞུམ་མེད་པས།དེང་གི་ཨ་གསར་དང་ཅལ་རྒྱུགས་ལ་མོས་ཞིང་རང་ཚུགས་མེད་པའི་གསར་བུ་རྣམས་ཀྱི་འཕྱ་ཡུལ་དུ་གྱུར་མེད་པར་བསྟོད་ཡུལ་དུ་གྱུར་ཡོད་པར་འདོད།ཡང་དཔེར་ན།ལྕགས་ལོ་ནི་བྱིས་པ་དག་སྣང་ཅན་ཞིག་ཏུ་བྲིས་ཡོད་པས།བྱིས་པ་ཞིག་ལ་མཚོན་ན་གཉིད་མ་ལངས་ཀྱི་ཁྲོད་ནས་ལྷམ་ཆ་མི་འགྲིག་པ་ཞིག་གྱོན་པ་ནི་མ་གཞི་ནས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་མོད།རྩོམ་དེར་བྱིས་པ་དག་སྣང་ཅན་ཞིག་ལ་འོས་མེད་ཀྱི་སྡིགས་དམོད་ཐེབས་ཡོད་པར་བརྟེན་ཏེ།སྡིགས་དམོད་གཏོང་མཁན་ལ་ཟུར་ཟ་དང་མཚང་འབྱིན་བྱས་ཡོད་ནའང་།ཆོས་ལ་དད་ཅིང་རྒྱུ་འབྲས་གཙིག་ཏུ་བཀུར་ཞིང་ཡ་རབས་བཟང་སྤྱོད་ལ་མོས་ཤིང་།ཕྱི་ནང་གི་ལས་སྣང་ལ་རྟགས་དང་མཚན་མར་བརྟག་པའི་གོམས་སྲོལ་རྒྱུན་འབྱམས་སུ་གྱུར་བའི་བོད་ཀྱི་སྤྱི་ཚོགས་དང་།ལྷག་པར་ལོ་རྒྱུས་ཀྱི་དུས་འགྱུར་མ་རུང་བ་ཞིག་འདས་ནས་ཡུན་རིང་མ་འགོར་བར།གློ་བུར་དུ་དེ་འབྲེལ་གྱི་མི་ལེགས་པའི་རྐྱེན་ངན་ཞིག་མི་ལམ་དུ་མངོན་ཡོང་ན།དེར་ཧ་ལས་ཤིང་ཧང་སངས་པར་རྒྱུ་མཚན་ཡང་དག་ལྡན ་པ་ལས།བྱིས་པ་བསམ་མེད་ཅིག་ལ་བསམ་བཞིན་ནག་མེད་ཉེས་འགེལ་བྱས་པ་མིན་པར།བསམ་བློ་ཞིབ་མོར་བཏང་ན་མུན་ནག་གི་འཇིགས་སྐུལ་འོག་བྱུང་བའི་སེམས་ཁམས་སྐོལ་གྱུར་བ་ཞིག་གི་ཤུགས་བསྟན་གོ་དོན་གཞན་ཞིག་ཀྱང་ཡོད་པར་སྣང་།གོང་གསལ་གྱི་སྒྲུང་ཐུང་གཉིས་དང་བསྡུར་ན་སྒྲུང་གསུམ་པས་ཕ་རྒན་ལྷུན་གྲུབ་དང་བུ་ཚེ་རིང་སོགས་ཀྱི་བསམ་སྦྱོར་བརྒྱུད་དེ།བོད་སྤྱི་ཚོགས་ཀྱི་མི་ལེགས་པའི་སྣང་ཚུལ་ཙམ་ཞིག་བརྗོད་ཡོད་མོད།ཡིན་ནའང་དེ་ནི་གོམས་སྲོལ་ཙམ་ཞིག་གི་སྣང་ཚུལ་ཡིན་པ་ལས་སྤྱི་ཚོགས་ཡོངས་ཀྱི་རིག་གནས་དང་བསམ་བློ་གསར་རྙིང་མཐའ་དག་གི་འགལ་ཟླར་ཁྱེར་ན།དངོས་ཡོད་གནས་ལུགས་དང་ཅུང་རིང་དུ་གྱེས་ཤིང་།ལྷག་པར་གོམས་སྲོལ་ཙམ་ཞིག་མི་འགྲིག་པ་ལ་དགགས་ཏེ།བསམ་བློ་གསར་བ་དང་བྱ་དངོས་གསར་བ་ནང་འདྲེན་བྱེད་རྒྱུ་ནི།ཐར་ལམ་གཅིག་པུར་བསྒྲུབས་པའང་རྣམ་དཔྱོད་ཀྱིས་ཕྱུག་ཅིང་གནས་ལུགས་དང་ལྡན་པ་ཞིག་ཏུ་སྣང་མེད་པར།གཙོ་བོ་དམིགས་བསལ་གྱི་གནད་དོན་དམིགས་བསལ་གྱིས་ཐག་གཅོད་པ་ལས།གཅིག་དཔེ་བརྒྱ་འགེལ་བྱས་ན་ལོག་ལམ་དུ་ཕྱོགས་སྲིད།དེ་ཡང་ཁོང་ཕ་བུ་གཉིས་ལ་མཚོན་ན་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་མི་ཚེའི་ཉམས་མྱོང་མི་འདྲ་བར་བྱུང་བའི་གོམས་གཤིས་མི་འདྲ་ནའང་།ཕན་ཚུན་སྒེར་གྱི་རང་དབང་དང་རྩིས་ཐང་ལ་བརྩི་བཀུར་བྱེད་པ་ལས།གཅིག་ཤོས་ཡིན་ན་གཅིག་ཤོས་ངེས་པར་མིན་པའི་མཐའ་གཉིས་སུ་ལྷུང་བའི་ལྟ་བ་བཟུང་ན།ནད་རྙིང་ཞིག་གི་ནད་རོ་སློང་བ་ལས་གཉིས་ཕན་གྱི་འབྲས་བུ་འབྱུང་སྲིད་པ་ཉིན་མོའི་སྐར་མ་ཙམ་དུ་སྣང་།
        མཇུག་བསྡུ་བ།
        མདོར་ན་ལོ་རྒྱུས་ཀྱི་མཚམས་ཚིགས་སོ་སོིའི་དུས་རབས་ཀྱི་དགོངས་པ་དང་སྤྱི་ཚོགས་ཀྱི་གོམས་གཤིས་མི་འདྲ་བ་དང་།དེང་རབས་རྩོམ་རིག་གི་དམིགས་བསལ་གྱི་འབྱུང་ཁུངས་དང་འཕེལ་འགྱུར་སོགས་གཞིར་བཟུང་སྟེ།གླེང་གཞིའི་སྒྲུང་ཐུང་གསུམ་གྱི་སྤྱིར་བཏང་གི་བརྗོད་སྙིང་ལ་དཔྱད་པ་ཞིབ་ཏུ་བཏང་ན།གསུམ་གས་སྐབས་བབས་སྤྱི་ཚོགས་ཀྱི་སྣང་ཚུལ་ཙམ་ཞིག་མཚོན་ཡོད་མོད།དངོས་ཡོད་ཀྱིས་བདེན་མཐའ་གསལ་ཞེས་པ་ལྟར།བརྗོད་སྙིང་གི་གདམ་གའི་ཐད་ནས་ཡུལ་དུས་དང་འཚམས་ཤིང་གནད་དུ་འཁེལ་བ་ཞིག་བྱུང་མེད་པར།དུས་རབས་ཀྱི་དགོངས་པ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་སོགས་དང་ཅུང་མི་མཐུན་པར་སྣང་།སྤྱིར་རིག་གནས་དང་བསམ་བློ།གོམས་སྲོལ་སོགས་ལ་གསར་རྙིང་གི་དབྱེ་བ་བཀར་ན།མཐའ་གཉིས་སུ་ལྷུང་བའི་ཉེན་ཚབས་ཆེ་བས།གཙོ་བོ་ཡུལ་དུས་དང་འཚམ་མིན་དང་དུས་རབས་དང་དངོས་ཡོད་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་མིན་སོགས་ཀྱིས་འབྱེད་པ་ལས།གསར་བ་ཡིན་ན་ཡོན་ཏན་ཀུན་ལྡན་དང་རྙིང་བ་ཡིན་ན་ཉེས་དམིགས་ཀུན་འཛོམས་ཅན་གྱི་ལྟ་བ་མཁྲེགས་འཛིན་བྱས་ན།དུས་འགྱུར་ཞིག་གི་ནད་རོ་སློང་ཞིང་འཕེལ་རྒྱས་ཀྱི་བཀག་རྡོ་ལྷག་མ་ཞིག་བཟོ་བ་ལས་དགེ་ཅི་ཡང་མེད་པ་ལོ་རྒྱུས་ཀྱི་བདེན་དཔང་བྱས་ཟིན།དེ་བས་ཞིབ་ཏུ་བརྟགས་ན་སྒྲུང་གསུམ་གའི་བརྗོད་སྙིང་གི་ལྟག་རྒྱབ་ཏུ་ད་དུང་བརྗོད་སྙིང་གཞན་ཞིག་སྟེ།མི་རིགས་ཤིག་གི་མི་རབས་རྒན་པའི་སྒམ་བརླིང་དང་སྲ་ཚུགས།དཔའ་སྤོབས་དང་སྙིང་རུས།མིག་རྒྱང་དང་རེ་སྙེག་སོགས་མཚོན་པ་བརྒྱུད།ལྡོག་ཕྱོགས་ནས་རྙིང་བ་ཞིག་གི་རྒྱ་རྙི་ལས་ཡོངས་སུ་ཐར་མེད་པར།དེང་རབས་ཅན་གྱི་སྤྱི་ཚོགས་སུ་འོལ་ཚོད་ཀྱིས་འཇུག་འདོད་པའི་གཡམ་རྒྱུག་མཁན་དག་ལ་མཚང་འབྱིན་དང་ཐེར་འདོན་གནང་ཡོད་པའི་བསྟན་དོན་ཡང་རྙེད་ཐུབ་བོ།།

 

                                                                                                                                                      རྕོམ་སྒྲིག་པ། ཚེ་དཔག་ལྷ་མོ།

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།