ཁྱེད་ཉིད་གནས་ས།:མདུན་ངོས། > རིག་གནས།  > དཔྱད་རྩོམ།

གསར་འགྱུར་ལོ་ཙཱ་བར་ཚང་དགོས་པའི་ཆ་རྐྱེན་འགའ་གླེང་བ།

རྩོམ་པ་པོ།      དུས་ཚོད།  2017-04-06 16:04:29     རྩོམ་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།

             《ཆུ་ཤིང་བསྟན་བཅོས》ལས། གསེར་སོགས་རིན་ཆེན་སྣ་བདུན་གྱི། བང་མཛོད་ཐབས་ཀྱིས་བསྒྲུབས་པ་བཞིན། ཡོན་ཏན་བདུན་གྱིས་ཉེར་མཛེས་པའི། རྟེན་བཟང་ཐོབ་པའི་ཐབས་ལ་འབད། ཅེས་པའི་ཚིག་གི་སྔོན་བསུས་ནས་སྤྱིར་ལས་དོན་གང་ཞིག་ལ་འཇུག་རུང་ཚང་མར་དགོས་ངེས་ཀྱི་སྔོན་འགྲོའི་ཆ་རྐྱེན་དག་ལྡན་དགོས་ཤིང་། ལྷག་དོན་དུ་རིག་གནས་ཞིབ་འཇུག་པའི་ལས་ལ་འཇུག་སྐབས་འབྲེལ་ཡོད་ཀྱི་ཤེས་བྱ་ངེས་ཅན་ཞིག་འཛོམ་དགོས་པ་སྨོས་མེད་རེད། དེང་གི་དུས་འདིར་རིག་གནས་ཀྱི་འཕེལ་རྒྱས་དང་འབྲེལ་འདྲིས་ནི་གོ་ལ་ཧྲིལ་པོའི་རང་བཞིན་ཡིན་ལ། རིག་གནས་ལ་མི་རིགས་ཕྱོགས་ཡོངས་ནས་སོགས་ཀྱི་དབྱེ་མཚམས་མེད་པར་མིའི་རིགས་ཀྱི་སྤྱིའི་ཕ་ནོར་ལྟ་བུར་གྱུར་ཡོད་ཅིང་། རིག་གནས་ཀྱི་ཉིང་བཅུད་ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་བྱས་ནས་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་ནི་དགོས་གལ་ཆེ་བའི་དོན་ཆེན་ཞིག་ཡིན་པ་གོར་མ་ཆག དེས་ན་རང་མི་རིགས་ཀྱི་རིག་གནས་མི་ཉམས་གོང་སྤེལ་ཆེད་དུ་ལོ་ཙཱ་བ་རྒན་དར་གཞོན་གསུམ་ཚང་མས་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་དང་བསམ་བློ་ནང་འདྲེན་བྱས་ཏེ། ལས་དོན་འབོར་ཆེན་བསྒྲུབས་དང་སྒྲུབ་མུས་མཆིས་ལ། ཡང་སྒོས་གསར་འགྱུར་ལོ་ཙཱ་བ་ཚོས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མང་ཚོགས་ཀྱི་གནས་ཚུལ། སྤྱི་ཚོགས་ཀྱི་རིག་གནས་ཁག་མང་ཚོགས་ལ་དུས་ཐོག་ཏུ་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་བློ་སྒོ་ཕྱེ་ཞིང་། ཏང་གི་ཐུགས་ཁུར་དང་གཟིགས་སྐྱོང་གཞི་རིམ་དུ་ཁྱབ་པར་བྱེད་པའི་ལས་ལ་འབད་བཞིན་མཆིས། དེ་ཡང་མ་ཡིག་གི་ནང་དོན་ཡོངས་ཇི་མ་ཇི་བཞིན་དང་འཕྱུགས་པ་མེད་པའི་ངང་དྲིལ་བསྒྲགས་བྱེད་པ་ནི་ལོ་ཙཱ་བས་འགྱུར་ཡིག་ལ་བརྟེན་ནས་ངོ་སྤྲོད་དང་ཀློག་པ་པོས་འགྱུར་ཡིག་ལ་བརྟེན་ནས་ཤེས་རྟོགས་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ཞིང་། ལོ་ཙཱ་བའི་འགྱུར་ཡིག་གི་སྤུས་ཚད་དང་འབྲེལ་བ་དམ་ཟབ་ཡོད་པས། གསར་འགྱུར་ལོ་ཙཱ་བ་ཚོས་རང་ཉིད་ལ་ཚང་དགོས་པའི་ཆ་རྐྱེན་ཐད་ངེས་ཤེས་གསལ་པོ་འདྲོང་དགོས།
              དང་པོ། མ་ཡིག་གི་ནང་དོན་སྤྱི་ལ་ཐོས་བསམ་ལེགས་པོ་དགོས།
              དེང་གི་དུས་འདིར་བོད་ཡིག་གསར་འགྱུར་ལས་རིགས་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་འགྲོ་བཞིན་པ་དང་བསྟུན་ཏེ། གསར་འགྱུར་ལོ་ཙཱ་བར་འཛོམ་དགོས་ངེས་ཀྱི་ཤེས་བྱ་དང་ཚད་གཞིའང་མཐོ་རུ་ཕྱིན་ཡོད། མ་ཡིག་གི་བརྗོད་དོན་ལེགས་པོར་རྟོགས་པ་ནི་ཡིག་སྒྱུར་ལས་ལ་འཇུག་པའི་ཐོག་མ་ཡིན་ཞིང་། བུ་ཡིག་ཏུ་ཇི་བཞིན་མཚོན་པར་བྱེད་པའི་འགག་གནད་ཀྱང་རེད། 《རྒྱ་བོད་ལོ་ཙཱའི་རིག་གཞུང་དང་ལག་ལེན》ལས། མ་ཡིག་ལ་གོ་བ་ཡག་པོ་ལེན་རྒྱུ་ནི་ལོ་ཙཱའི་བྱ་རིམ་ཁྲོད་ཀྱི་གལ་གནད་ཆེ་བའི་གོ་རིམ་ཞིག་ཡིན་ཏེ། མ་ཡིག་ལ་གོ་བ་ཡང་དག་བླངས་རྗེས་ད་གཟོད་མ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་མཚོན་ཐུབ་པ་བྱ་རྒྱུ་ནི་ལོ་ཙཱ་བྱ་བའི་སྔོན་འགྲོ་དང་གྲ་སྒྲིག་གི་གོ་རིམ་ཞིག་རེད། ང་ཚོས་རྩོམ་ལུས་ཇི་ལྟ་བུའི་བརྩམས་ཆོས་ཤིག་བསྒྱུར་དགོས་རུང་། ཐོག་མར་མ་ཡིག་ཞིབ་ཀློག་བགྱིས་ཏེ་མ་ཡིག་གི་བརྗོད་བྱ་ཕྲ་མོ་ཡང་དག་པར་རྟོགས་ན་ད་གཟོད་མ་ཡིག་གི་ནང་དོན་རྣམས་ཡང་དག་པའི་སྒོ་ནས་བུ་ཡིག་ཏུ་འབེབས་ཐུབ་ཅེས་གསུངས་པ་ལྟར། གསར་འགྱུར་ལོ་ཙཱ་བས་མ་ཡིག་ལ་གོ་བ་ཡང་དག་ལེན་དགོས་མིན་གལ་པོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་བཤད་ཡོད། དེ་བས་ལོ་ཙཱའི་ལས་ལ་འཇུག་དུས་ཐོག་མར་སྐབས་བབ་ཀྱི་འགྱུར་བྱའི་མ་ཡིག་དེ་སྡེ་ཚན་གང་གི་ཁོངས་སུ་གཏོགས་མིན་ལ་གཞིགས་ཏེ། ཆེད་ལས་མཁས་པའི་ས་ནས་ཐོས་བསམ་དང་འབྲེལ་ཡོད་ཀྱི་ཚིག་མཛོད་བཙལ་ནས་སྒྲོ་འདོགས་ཆོད་པར་འབད་དགོས། དེ་ལྟར་བྱུང་ཚེ་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་ལོ་ཙཱ་བའི་ངོས་ནས་མ་ཡིག་གི་གོ་བ་ཇི་བཞིན་དུ་ལེན་ཐུབ་སྟེ། བསྟན་དོན་ལ་གོ་བ་ལོག་ནས་ལོག་སྒྱུར་མི་ཡོང་བ་བྱེད་ཐུབ་བསྙམ། ལོ་ཙཱའི་གཞུང་ལུགས་སྨྲ་བ་འཕྲིན་ལས་ཆོས་གྲགས་ནས། བསྟན་དོན་གསལ་རྟོགས་ནི་ཡིག་སྒྱུར་གྱི་བརྒྱུད་རིམ་ནང་དུ་ཐོག་མར་འཕྲད་པའི་འགག་གནད་ཅིག་རེད། དོན་ལ་གོ་བ་ཡང་དག་ལོན་ན་བརྡ་སྤྲོད་གནད་ལ་འཕྲོད་པོ་ཡོང་ཞེས་གསུངས་པ་ལྟར། ལོ་ཙཱ་བ་ཚོས་ངེས་པར་དུ་ཐབས་ལམ་སྣ་ཚོགས་བརྒྱུད་ནས་མ་ཡིག་ལ་གོ་བ་ཡང་དག་ལེན་དགོས། དེའི་ཕྱིར་ལོ་ཙཱ་བས་ནང་རྐྱེན་དང་ཕྱི་རྐྱེན་མང་པོ་ཞིག་ལ་རྒྱུས་མངའ་དང་། རང་ཉིད་ཀྱི་ཆ་རྐྱེན་གསོག་འཇོག་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ལོ་ཙཱ་བའི་གཞུང་ལུགས་སྨྲ་བ་འཕྲིན་ལས་ཆོས་གྲགས་ཀྱིས། སྤྱིར་བཏང་ལོ་ཙཱ་བྱེད་པའི་ཐོག་མར་ཕྱོགས་བཞི་ནས་བསྒྱུར་བྱའི་མ་ཡིག་གི་གོ་དོན་གསལ་རྟོགས་བྱ་དགོས་པ་སྟེ། གཅིག་ནས་མ་ཡིག་གི་བརྗོད་གཞིའི་མིང་དང་ཚིག་དང་ཐ་སྙད་སྦྱོར་ཚུལ་ལ་རྟོག་དཔྱོད་ཀྱིས་བསྟན་དོན་གསལ་རྟོགས་བྱ་རྒྱུ་དང་། གཉིས་ནས་མ་ཡིག་གི་བརྗོད་བྱའི་གཏན་ཚིགས་གྲུབ་སྟངས་ཀྱི་ཕྱོགས་ནས་བསྟན་དོན་གསལ་རྟོགས་བྱ་རྒྱུ། གསུམ་ནས་བརྗོད་བྱའི་གཞི་རྟེན་དུ་གྱུར་པའི་ལོ་རྒྱུས་དངོས་དོན་ཤེས་པ་བྱས་ནས་བསྟན་དོན་གསལ་རྟོགས་བྱ་རྒྱུ། བཞི་ནས་མ་ཡིག་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་ཀྱི་གོ་དོན་ངེས་ཤེས་འདྲོངས་པར་བྱས་ནས་བསྟན་དོན་གསལ་རྟོགས་བྱ་རྒྱུ་བཅས་རེད་ཅེས་གསུངས་པ་ལྟར་ཡིན་ཞིང་། སྐབས་དོན་དཔྱད་རྩོམ་འདིར་མཚོན་པར་བྱ་བ་ནི་དེའི་ནང་གི་བཞི་པའོ། དེའང་གསར་འགྱུར་ལོ་ཙཱ་བས་མ་ཡིག་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་ཀྱི་གོ་དོན་ལ་ངེས་ཤེས་འདྲོངས་པར་བྱས་ནས་བསྟན་དོན་གསལ་རྟོགས་བྱ་རྒྱུ་གཞི་རྩར་འཛིན་དགོས།
              གཉིས་པ། གཏན་ཚིགས་རིག་པའི་ཤེས་ཚད་མཐོ་པོ་དགོས།
              ཐོག་མར་ང་ཚོས་ལས་གང་ཞིག་བརྩམས་རུང་དེའི་ཐད་ལ་རྒྱུས་མངའ་དང་ཤེས་རྟོགས་ངེས་ཅན་ཞིག་ཡོད་དགོས་པ་ནི་བྱ་བ་གང་ཞིག་ལ་འཇུག་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། རྒྱུ་རྐྱེན་འཛོམས་ན་འབྲས་བུ་སྨིན་ཞེས་པ་ལྟར་བསྟན་དོན་ལ་གོ་བ་ཡང་དག་ལོན་ཐུབ་པའི་རྒྱུ་གལ་ཆེན་ཞིག་ནི་གཏན་ཚིགས་རིག་པའི་ཤེས་ཚད་ངེས་ཅན་ཡོད་དགོས་པ་དེ་རེད། ལོ་ཙཱའི་གཞུང་ལུགས་སྨྲ་བ་འཕྲིན་ལས་ཆོས་གྲགས་ནས། མ་ཡིག་གི་བརྗོད་ཚིག་གི་སྦྱོར་སྟངས་དང་བརྗོད་པའི་གོང་འོག་གི་གཏན་ཚིགས་འབྲེལ་བར་ཞིབ་མོའི་བློ་ཡིས་རྟོག་དཔྱོད་བྱས་ནས་བསྒྱུར་བྱའི་གོ་དོན་གཤའ་མར་ངེས་ཤེས་འདྲོང་བ་བྱ་རྒྱུ་དེ་ཡང་བསྟན་དོན་གསལ་རྟོགས་ཀྱི་ཐབས་ལམ་རྣལ་མ་ཞིག་ཡིན་ཞེས་གསུངས་པ་ལྟར། གཏན་ཚིགས་རིག་པ་ནི་རྒྱུ་མཚན་ཡང་དག་ལ་བརྟེན་ནས་ཡུལ་དངོས་པོའི་གནས་ཚུལ་ལ་གོ་བ་དཔྱིས་ཕྱིན་པ་ལོན་ཐབས་ཤིག་ཡིན་པས། མ་ཡིག་ལ་གོ་བ་ལེན་པ་དང་ཇི་བཞིན་ཕབ་སྒྱུར་ཡོང་བར་མེད་དུ་མི་རུང་བ་ཞིག་རེད། ལོ་ཙཱ་བ་ཡོངས་དང་བྱེ་བྲག་གསར་འགྱུར་ལོ་ཙཱ་བ་ཚོས་གཏན་ཚིགས་ཀྱི་གནད་དོན་འདི་ཐབས་གང་ལ་བརྟེན་ནས་ཐག་གཅོད་བྱེད་སྙམ་ན། བོད་ཀྱི་ཚད་མ་རིག་པའི་གཞུང་ལ་ཐོས་བསམ་བྱེད་དགོས་ཏེ། དོན་གྱི་འཁྲུལ་བ་སྤོང་བ་ནི་ཚད་མ་རིག་པ་ཡིན་པས། ཚད་མ་རིག་པ་ཡག་པོ་སྦྱངས་ནས་འགྱུར་བྱའི་མ་ཡིག་ལ་བལྟས་ཚེ། གཏན་ཚིགས་ཀྱི་འཁྲུལ་པ་སྤོང་ཐུབ། ཚད་མའི་གཞུང་ལ་སྤྱིར་མང་དག་ཡོད་ཀྱང་འཇུག་སྒོ་ལྟ་བུ་ནི། བསྡུས་གྲྭ་སྟེ་རྟགས་རིགས་བློ་རིགས་གཉིས་རེད། རྟགས་རིགས་ནི་རྟགས་དང་རྒྱུ་མཚན་ཡང་དག་ལ་བརྟེན་ནས། ཕྱི་དངོས་པོ་དང་ནང་བཅུད་ཀྱི་སེམས་ཅན་གྱི་གྲུབ་ཚུལ་དང་འབྲེལ་བ་སོགས་ཐག་གཅོད་དང་། བློ་རིགས་ཀྱིས་ཤེས་པའི་རིགས་དང་དེའི་བྱེད་ནུས་སོགས་གཏན་ཚིགས་དང་རྒྱུ་མཚན། རིགས་ལམ་མང་པོ་ནས་ངོ་སྤྲོད་དང་ཤེས་རྟོགས་ཡོང་ཐུབ་པས། གསར་འགྱུར་ལོ་ཙཱ་བས་ངེས་པར་དུ་ཚད་མའི་བློ་ལའང་སློབ་སྦྱོང་བྱས་ཏེ་གཏན་ཚིགས་རིག་པའི་གནད་ཤེས་དགོས་ངེས་རེད། དེ་ལྟར་བྱུང་ཚེ་མ་ཡིག་གི་གོ་བ་ཆོད་ལ་བརྗོད་དོན་མ་འདྲེས་མ་ནོར་བ་ཡོང་ཐུབ་པས། འགྱུར་ཡིག་གི་སྤུས་ཚད་སོགས་གང་སྤྱིར་ཚད་ལྡན་ཡོང་ཐུབ། དེར་མཁས་དབང་འཕྲིན་ལས་ཆོས་གྲགས་ཀྱིས། སྒྱུར་པ་པོས་མ་ཡིག་གི་གོང་འོག་གཏན་ཚིགས་ཀྱི་འབྲེལ་བར་རྟོག་དཔྱོད་ལེགས་པར་མ་བྱས་པས་བརྗོད་པ་འབྲེལ་མ་ཐུབ་པ་དང་། འཇུག་པ་མི་བདེ་བ། གོ་དོན་གསལ་པོ་མ་འཕྲོད་པ་བཅས་ཀྱི་ཞན་ཆ་མཆིས་ཞེས་གཏན་ཚིགས་ཀྱི་ཐག་གཅོད་ཡང་པོ་མ་བྱུང་བའི་སྐྱོན་བརྗོད་དང་ཤུགས་ལ་གཏན་ཚིགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱུང་བའི་དགེ་མཚན་གསལ་བཤད་གནང་བ་བཞིན་ནོ།
             གསུམ་པ། སྒྱུར་བྱེད་སྐད་ཡིག་གིས་མཚོན་པའི་རིག་གནས་སྤྱི་ལ་མཁྱེན་རྒྱ་ཡངས་དགོས།
             ལོ་ཙཱ་བ་ནི་སྐད་ཡིག་མི་འདྲ་བ་གཉིས་སམ་གཉིས་ཡན་གྱི་ནང་དོན་གཙོ་འཛིན་ཐོག་ཉམས་འགྱུར་སྣ་ཚོགས་ཀྱི་སྒོ་ནས་བསྒྱུར་བྱའི་ནང་དོན་སྒྱུར་བྱེད་བརྡ་སྤྲོད་ལུགས་དང་མཐུན་པར་ཇི་བཞིན་ཕབ་སྒྱུར་བྱེད་མཁན་ཞིག་རེད། མིའི་རིགས་ཀྱི་བསམ་བློ་དང་ཤེས་རིག་སྤེལ་བར་ཡིག་སྒྱུར་གྱི་བྱ་བ་མེད་ཚེ་གཙང་པོའི་ཕ་རོལ་དང་ཚུར་རོལ་གཉིས་ལ་འགྲོ་འོང་བྱེད་པའི་ཟམ་པ་མེད་པར་གྱུར་པ་ལྟ་བུ་རེད་ལ། འགྱུར་ཡིག་ནི་ཨར་སྐྲུན་ཟིན་པའི་ཟམ་པ་ལྟ་བུ་ཡིན་པས་དེའི་སྤུས་ཚད་ནི་མི་རྣམས་ཀྱིས་དང་ལེན་དང་གདེང་འཇོག་བྱ་ཡུལ་གཙོ་བོ་རེད། དེར་བརྟེན་ལོ་ཙཱ་བའི་འགྱུར་ཡིག་ལེགས་ཉེས་ཀྱིས་སྤྱིར་མིའི་རིགས་ཀྱི་རིག་གནས་དར་སྤེལ་དང་ཡང་སྒོས་སུ་མི་རིགས་སོ་སོའི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་གཏོང་བར་གལ་ཆེའི་ནུས་པ་ཐོན་གྱི་ཡོད། དེས་ན་གསར་འགྱུར་ཡིག་སྒྱུར་ཚད་ལྡན་ཞིག་ཡོང་བར་མ་ཡིག་གི་སྐད་ཡིག་དང་རིག་གནས་ཀྱི་རྨང་གཞི་ཡག་པོ་དགོས་པ་དང་། སྒྱུར་བྱེད་སྐད་ཡིག་དང་རིག་གནས་ཀྱི་རྨང་གཞི་ཡང་ཡག་པོ་དགོས། དེ་ནི་ཇི་བཞིན་ཕབ་སྒྱུར་ཡོང་བའི་རྨང་གཞིའི་ཆ་རྐྱེན་རེད། ལོ་ཙཱའི་གཞུང་ལུགས་སྨྲ་བ་འཕྲིན་ལས་ཆོས་གྲགས་ཀྱིས། ལོ་ཙཱ་བའི་འགྱུར་ཡིག་གི་སྤུས་ཚད་ལེགས་ཉེས་གང་བྱུང་དང་། ལོ་ཙཱ་བ་རང་ཉིད་ཀྱི་ཡིག་སྒྱུར་ཆེད་ལས་ཡར་རྒྱས་ཆེ་ཆུང་གང་ཡོང་ནི་མཐར་གཏུགས་ནས་བཤད་ན་སྒྱུར་བྱེད་སྐད་ཡིག་བསླབས་སྦྱངས་ཟབ་ལོས་ལ་རག་ཆེན་པོ་ལུས་ཡོད་ཅེས་གསུངས་པ་ལྟར། ཇི་བཞིན་ཕབ་སྒྱུར་ལ་སྒྱུར་བྱེད་སྐད་ཡིག་གི་བྱང་གོམས་ཆེ་ཆུང་གིས་ཐད་ཀར་ནུས་པ་ཐོན་གྱི་ཡོད། གལ་ཏེ་མ་ཡིག་ལ་གོ་བ་ལོན་རུང་སྒྱུར་བྱེད་སྐད་ཡིག་གི་ཤེས་ཚད་དམན་པའམ་ཞན་པོ་ཡོད་ན། མ་ཡིག་གི་བསམ་བློའི་ཉིང་བཅུད་དང་ཚིག་གི་ཉམས་འགྱུར་གསལ་པོར་མཚོན་དཀའ་ལ། བརྗོད་དོན་ཇི་བཞིན་མཚོན་ཐུབ་ཐབས་བྲལ་བ་རེད། ལོ་ཙཱ་བ་ཞིག་ལ་མཚོན་ན་བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་ཡིག་གི་ཤེས་ཚད་མཐོ་པོ་མེད་ཚེ། ལོ་ཙཱ་བའི་རྨང་གཞིའི་ཆ་རྐྱེན་མ་ཚང་བ་ཡིན་ལ། ལོ་ཙཱ་བ་ཞེས་མིང་འཛིན་པ་ཙམ་ལས་མ་འདས། དེ་ཡང་ལོ་ཆེན་གྲགས་ཅན་ཧྥུ་ལེ་ཧན་ནོ་ཧྥོས་གསུངས་པར། “ཁྱེད་ཀྱིས་ལོ་ཙཱ་བ་བྱེད་པར་འདོད་ན་དེ་ནི་མཆོག་ཏུ་གྱུར་པའི་ལས་རིགས་ཤིག་རེད། ལོ་ཙཱ་བ་བྱེད་པར་ཐོག་མར་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ལ་བྱང་གོམས་ཆེན་པོ་དགོས་པ་དང་། དེ་ནས་བསྒྱུར་བྱའི་མ་ཡིག་དང་འབྲེལ་བའི་དངོས་དོན་ལ་རྒྱུས་མངའ་ཞིབ་ཚགས་དགོས། གལ་ཏེ་ཆ་རྐྱེན་དེ་དག་མ་འཛོམས་ན་ལོ་ཙཱ་བའི་གནད་འཕྲོད་མི་ཐུབ་པ་དང་། ཀློག་པ་པོ་མུན་སྤྲུལ་དུ་བསྲེས་པའི་ལམ་དུ་འཁྲིད་ཉེན་ཡོད་པས་ན་དེ་ལས་ལོ་ཙཱ་བ་མ་བྱས་ན་དགའ”ཞེས་གསུངས་པ་ལྟར་རེད། སྒྱུར་བྱེད་སྐད་ཡིག་གི་བྱང་ཆ་ཡོང་བར་ཐོག་མར། སྐད་གང་དེའི་བརྡ་སྤྲོད་གཞུང་ལ་སྦྱངས་ནས་སྒྲོ་འདོགས་ཆོད་པ་ཞིག་དགོས་པ་དང་། དེ་ནས་མི་རིགས་གང་དེའི་ལོ་རྒྱུས་རིག་གནས་དང་ཆབ་སྲིད་བཅའ་ཁྲིམས། སློབ་གསོ་དང་ཡུལ་གོམས་གཤིས་ལུགས། སྒྱུ་རྩལ་དང་མཛེས་དཔྱོད། འཇིག་རྟེན་གྱི་ལྟ་ཚུལ། འདུ་ཤེས་འཛིན་སྟངས་སོགས་ལ་རྒྱུས་མངའ་དགོས། དེའང《རྒྱ་བོད་ལོ་ཙཱའི་རིག་གཞུང་དང་ལག་ལེན》ལས། ལོ་ཙཱ་བ་ཞིག་ཡིན་ན་མ་ཡིག་དང་འབྲེལ་བའི་ལོ་རྒྱུས་དང་ས་ཁམས། སྤྱི་ཚོགས། རིག་གནས། ཆོས་ལུགས། ཐ་ན་ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་མངའ་ཡོད་པར་བྱ་རྒྱུ་ནི་འགྱུར་སྤུས་ལེགས་པོ་འབྱུང་བའི་གནད་དམ་པ་ཡིན་པས། རིག་གནས་ཀྱི་རྒྱབ་ལྗོངས་མ་ཤེས་ན་ཐ་སྙད་ཀྱི་དོན་ཤེས་པ་ཙམ་གྱིས་འགྱུར་མ་རྨ་མེད་པ་ཞིག་འབྱུང་མི་ཐུབ་བོ་ཞེས་ལོ་ཙཱ་བར་དགོས་ངེས་ཀྱི་ཆ་རྐྱེན་དུ་འདུག་པས། ལོ་ཙཱ་བ་ཞེས་བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་ཡིག་མི་འདྲ་བ་བརྗེ་སྒྱུར་ཙམ་དང་། ལས་སླ་ཞིང་རིན་ཐང་མེད་པའི་ལས་རིགས་ཤིག་ཏུ་བཟུང་ནས། འོལ་ཚོད་དང་ཁྱད་གསོད་ཀྱི་ལོ་ཙཱ་བ་བྱེད་པ་དང་བྱེད་འདོད་པ་ནི་ཆེས་མུན་སྤྲུལ་གྱི་འདུ་ཤེས་ཤིག་ཡིན་པས། གསར་འགྱུར་ལོ་ཙཱ་བས་སྒྱུར་བྱེད་ཡིག་སྲོལ་དང་ཡུལ་གོམས་གཤིས་ལུགས་ཀྱིས་མཚོན་ཚུལ་རིག་གནས་ཁག་ལ་རྒྱུན་དུ་ནས་དོ་སྣང་དང་སློབ་སྦྱོང་གང་ལེགས་བྱེད་དགོས་སོ།
(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའུ་ཡིག་སྒྱུར་ཚོགས་ཆུང་གི་ཆོས་བཟང་གིས)

 

རྩོམ་སྒྲིག་པ། གསང་བདག་སྒྲོལ་མ།

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།