ཁྱེད་ཉིད་གནས་ས།:མདུན་ངོས། > རིག་གནས།  > དཔྱད་རྩོམ།

དམའ་འབྲིང་སྐད་ཡིག་འཁྲིད་ཐབས་སྐོར་མདོ་ཙམ་གླེང་བ།

རྩོམ་པ་པོ།      དུས་ཚོད།  2017-03-23 09:37:14     རྩོམ་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

               དགེ་རྒན་གྱིས་འཁྲིད་བྱའི་ནང་དོན་གང་ཡིན་ན་རུང་། དེ་རྣམས་སློབ་མས་བདེ་བླག་ངང་རྟོགས་ཆེད། དགེ་རྒན་རང་ངོས་ནས་ཐབས་ཤེས་ཡོད་རྒུས་སྤྱད་དགོས། དེ་ནི་དགེ་རྒན་ཞིག་ལ་མཚོན་ན་མེད་དུ་མི་རུང་བའི་སློབ་ཁྲིད་ཀྱི་ནུས་རྩལ་གལ་ཆེན་ཞིག་རེད། ཡིན་ནའང་དགེ་རྒན་འགའ་ཞིག་གིས་སློབ་ཁྲིད་བྱེད་པ་དེ་ཁྲལ་ལྟ་བུར་བརྩིས་ནས། གང་མགྱོགས་གང་མྱུར་གྱིས་འཁྲིད་པ་དེས་སློབ་མ་ལ་ཕན་ཐོགས་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་སློབ་མའི་སློབ་སྦྱོང་བྱེད་འདོད་ཀྱི་སྤྲོ་བ་མེད་པར་བཟོ་ཡི་ཡོད། ང་ཚོས་སློབ་མའི་འཕེལ་རྒྱས་ཀྱི་ཁྱད་ཆོས་གཞིར་བཟུང་ནས། སློབ་ཚན་འཁྲིད་ཐབས་སྣ་ཚོགས་སྤྱད་ན་ཕན་པ་ཆེ་སྟེ། སློབ་མའི་སློབ་སྦྱོང་གི་འདུན་པ་དང་སྤྲོ་སྣང་འདྲེན་ནུས་ལ། སློབ་སྦྱོང་གི་དམིགས་ཡུལ་ལེགས་གྲུབ་ཡོང་བར་ནུས་པ་ཆེན་པོ་ཐོན་གྱི་ཡོད། དེས་ན་འདིར་སྐད་ཡིག་འའཁྲིད་ཐབས་འགའ་རང་ཉིད་ཀྱི་སློབ་ཁྲིད་ཉམས་མྱོང་དང་སྦྲགས་ནས་ཅུང་ཟད་གླེང་བར་བྱའོ།།
               དང་པོ། སློབ་ཚན་ཉན་འདོད་ཀྱི་སྤྲོ་བ་སྦྱིན་དགོས།
               རྒྱུན་དུ་སྐད་ཡིག་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད།དགེ་རྒན་རང་ངོས་ནས་སློབ་མའི་སློབ་སྦྱོང་བྱེད་འདོད་ཀྱི་སྤྲོ་བ་རྒྱས་ཐབས་ལ་འབད་དགོས།དེ་ནི་འཁྲིད་བྱའི་ནང་དོན་ལེགས་པོ་ཤེས་མ་ཤེས་ཀྱི་འགག་རྩ་ཡིན་པས། དགེ་རྒན་གྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་སློབ་ཁྲིད་ཀྱི་ནང་དོན་དངོས་མ་འཆད་གོང་། སྐབས་སྐབས་སུ་འབྲེལ་ཡོད་ཀྱི་གཏམ་རྒྱུད་དང་། དོགས་སློང་། དྲི་བ་སོགས་ཅི་རིགས་ཀྱིས་སྣེ་དྲངས་ཏེ། སློབ་ཁྲིད་ཀྱི་དམིགས་ཡུལ་དང་། དགོས་པ། རིན་ཐང་སོགས་མདོར་བསྡུས་གླེང་ནས།སློབ་མར་ངོ་མཚར་དང་མཚར་སྣང་གི་བློ་ཞིག་སྐྱེ་རུ་བཅུག་ན། ད་གཟོད་སློབ་ཚན་དངོས་གཞིར་འཇུག་འདོད་ཀྱི་བློ་ཁ་འཕེལ་ཞིང་ཕན་འབྲས་ཀྱང་ཆེན་པོ་ཐོན་སྲིད།
             ⒈སློབ་ཆས་བཀོལ་སྤྱོད་ལེགས་པོ་གཏོང་དགོས།
              སློབ་ཆས་ཟེར་བ་ནི་དགེ་རྒན་གྱི་སློབ་ཁྲིད་ལ་ངེས་པར་མཁོ་བའི་སློབ་གཉེར་གྱི་མཁོ་ཆས་གལ་ཆེན་ཞིག་རེད། དེ་ནི་སློབ་ཚན་གྱི་ནང་དོན་དང་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལ་གཞིགས་ནས། གདམ་གསེས་དང་བེད་སྤྱོད་གཏོང་བ་ལས་མཐའ་གཅིག་ཏུ་གཅིག་གྱུར་དང་གཏན་འཇགས་མེད། ང་ཚོས་བསླབ་གཞི་ཁོ་ན་ལ་རྟེན་པའི་སློབ་ཚན་འཁྲིད་ཐབས་ལ་སྒྱུར་བཅོས་བཏང་ནས། དེང་རབས་སློབ་གསོའི་དགོས་མཁོ་ལྟར་སྨྱན་ཆས་སྤྱོད་དགོས་པ་དང་། བརྙན་ཕབ་དང་སྒྲ་ཕབ། དེ་བཞིན་པར་རིས་སྣ་ཚོགས་སྟོན་པ། སློབ་ཚན་གྱི་ནང་དོན་དང་མཐུན་པའི་དཔེ་ལྟའི་སྒྲིག་ཆས་གང་རུང་བཀོལ་ནས་འཆད་ཁྲིད་བྱས་ན་སློབ་མས་སློབ་ཚན་ལ་ཉན་འདོད་ཀྱི་སྤྲོ་བ་འདྲེན་ཐུབ་པ་དང་། རྟོགས་དཀའ་བ་དང་ལྐོག་གྱུར་གྱི་ནང་དོན་ཁག་གཅིག་གཟུགས་སྣང་ཅན་དུ་འགྱུར་ཐུབ། དཔེར་ན། འཛིན་གྲྭའི་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་གྲུབ་འབྲས་ལེགས་ཉེས་ཆ་སྙོམས་པའི་སྒོ་ནས་ཚོགས་ཆུང་ཕྱེ་སྟེ། དགེ་སློབ་ཕན་ཚུན་དང་། སློབ་མ་མི་རེ་ངོ་རེས་སློབ་ཚན་གྱི་ནང་དོན་ལ་དབྱེ་ཞིབ་དང་། འབྲེལ་ཡོད་ཀྱི་ནང་དོན་ལྟར་སློབ་མ་རང་ངོས་ནས་འཁྲབ་སྟོན་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ན། སློབ་མས་ནང་དོན་གང་ཡིན་ཡང་ཤེས་བདེ་བ་དང་བློ་ལ་ངེས་བདེ་བ་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་པ་མ་ཟད། སློབ་མའི་སློབ་སྦྱོང་གི་སྤྲོ་བ་ཡང་རང་ཤུགས་ཀྱིས་འདྲེན་ཐུབ། དེ་ལས་ལྡོག་སྟེ་སྣ་རྐྱང་གི་འཁྲིད་ཐབས་དང་། དཔེ་དེབ་ཀྱི་ནང་དོན་ཁོ་ནར་འཇུག་པའི་འཁྲིད་ཐབས་སྤྱད་ཚེ། སློབ་མའི་སློབ་སྦྱོང་གི་སྤྲོ་བ་འདྲེན་མི་ཐུབ་ལ། ཤེས་བྱ་གང་ལ་ཡང་ཉན་འདོད་དང་སྦྱོང་འདོད་ཀྱི་བློ་ཡལ་བར་འགྲོ་ངེས།
             ⒉དགེ་རྒན་གྱི་ནུས་ཁུངས་བཀོལ་སྤྱོད་ལེགས་པོ་གཏོང་དགོས།
             དེ་ཡང་། “རྒན་པས་གང་བྱེད་གཞོན་པས་བྱེད། གླ་བའི་ཕྲུ་གུས་བྲག་ལ་འཛེག”ཅེས་པའི་དཔེ་ལྟར། དགེ་རྒན་གང་འདྲ་ཡོད་ན་སློབ་མ་ཡང་དེ་འདྲ་ཞིག་ཡོང་བ་བྱིས་པ་ཚོའི་སྤྱི་ལུགས་ཤིག་རེད། ཐོག་མར། དགེ་རྒན་རང་ངོས་ཀྱི་ཕྱིའི་སྤྱོད་པ་དང་། ཆ་ལུགས། འགྲོ་འདུག་སོགས་ནི་སློབ་མའི་མིག་དཔེ་བལྟ་ཡུལ་དུ་འགྱུར་ངེས་པས། སློབ་མའི་བློར་བབས་པ་དང་ཡིད་དུ་འོང་བ་ཞིག་དགོས་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ། གང་ཡིན་ཞེ་ན། སློབ་མ་རྣམས་ཀྱིས་ཐོག་མར་མཐོང་བ་ནི་གང་དེའི་ཕྱིའི་གཟུགས་བརྙན་ནམ་རྣམ་པ་ཡིན་པས། རང་ཉིད་ཀྱི་བབ་ཆགས་ཤིང་མཐོང་འདོད་པའི་གཟུགས་བརྙན་དེས་སློབ་མ་རྣམས་ལ་བརྩེ་བ་ཡོད་པའི་བློ་ཞིག་སྦྱིན་གང་ཐུབ་བྱེད་དགོས། དེ་ནས་སློབ་མའི་དངོས་ཡོད་གནས་ཚུལ་དང་བསྟུན་རྒྱུ་གལ་ཆེ། ལོ་ནའི་ཁྱད་ཆོས་དང། དགའ་ཕྱོགས། སྐད་ཡིག་གི་རྨང་གཞི་དང་། འཇོན་ཐང་གི་ནུས་པ། སློབ་སྦྱོང་གི་རྣམ་འགྱུར་ལ་ཤེས་རྟོགས་བྱས་ཏེ། སློབ་མའི་མོས་པ་ལ་དཔག་པའི་སློབ་གསོ་བརྒྱབ་ནས་དགེ་རྒན་ནི་རང་ཉིད་ཀྱི་ཕ་མ་དང་སློབ་གྲྭ་ནི་ཁྱིམ་ཚང་ཡིན་པའི་འདུ་ཤེས་གསོ་དགོས། དེར་མ་ཟད། “བྱམས་སེམས་མེད་ན་སློབ་གསོ་མེད”ཅེས་པ་ལྟར། དགེ་རྒན་གྱི་རྒྱུད་ལ་ཕྱོགས་ཞེན་གྱི་དབྱེ་བ་མེད་པར“བསམ་པ་དཀར་པོ་དུང་འདྲ་བ། བྱ་བ་དྲང་པོ་མདའ་འདྲ་བ”ལྟ་བུའི་ལྷག་བསམ་རྣམ་པར་དག་པའི་ཀུན་སྤྱོད་ཅིག་དགོས་པ་སྟེ། ངག་རྒྱུན་ལ། “རྩ་བ་སྨན་ཡིན་ན་ཡལ་ག་དང་ལོ་མ་ཡང་སྨན”ཞེས་པ་ལྟར་སྒོ་གསུམ་ཀུན་སྤྱོད་བཟང་པོས་མིག་དཔེ་བསྟན་ཏེ། བྱ་སྤྱོད་ངོ་མས་སློབ་མའི་བློ་གཏད་བཅོལ་ས་ཞིག་ཏུ་འགྱུར་བར་འབད་དགོས། དེ་ལྟར་བྱུང་ན་སློབ་མ་རྣམས་ཀྱིས་འདི་དང་དེ་འདྲའི་དགེ་རྒན་ཚད་མ་ཞིག་ཏུ་མཐོང་ནས། དགེ་རྒན་གྱི་བྱ་སྤྱོད་སོགས་གང་ཅིར་མོས་གུས་ཀྱིས་ཡིད་ཆེས་སྐྱེས་ཏེ་སྦྱང་བྱ་གང་ཡིན་པ་དེར་འབད་རྒྱུར་གོར་མ་ཆག
             ⒊སློབ་ཚན་གྱི་ནང་དོན་ལ་འགྲེལ་བཤད་གསལ་པོ་རྒྱག་དགོས།
             དགེ་རྒན་རང་ཉིད་བཤད་སྟེགས་སུ་མ་འཛེགས་གོང་འཁྲིད་བྱའི་ནང་དོན་ལ་དབྱེ་ཞིབ་ནན་ཏན་དང་། སློབ་ཁྲིད་ཀྱི་འཆར་གཞི་གཟབ་ནན་འགོད་པ་ལ་སོགས་གྲ་སྒྲིག་ལེགས་པོ་བྱེད་པ་བཅས་འཆར་གཞི་ལྡན་ཞིང་གོ་རིམ་ཡོད་པའི་སྒོ་ནས་སློབ་ཁྲིད་ཀྱི་བྱ་བར་ཞུགས་ཏེ། འཆད་ཁྲིད་མ་དག་པའི་སྐྱོན་བཅུ་གསུམ་སྟེ། “མ་བཤད་པའི་སྐྱོན་དང་། ལེགས་པར་མ་བཤད་པའི་སྐྱོན། ཕྱིན་ཅི་ལོག་ཏུ་བཤད་པའི་སྐྱོན། ཐེ་ཚོམ་དང་བཅས་ཏེ་བཤད་པའི་སྐྱོན། དཀའ་སར་གཡོལ་ནས་སླ་སར་སྤྲོས་བཤད་བྱེད་པའི་སྐྱོན། གོ་རིམ་མེད་པར་བཤད་པའི་སྐྱོན། སྐབས་སུ་མ་བབས་པར་བཤད་པའི་སྐྱོན། འབྲེལ་མ་ཆགས་པར་བཤད་པའི་སྐྱོན། ཚིག་སྔ་ཕྱི་འགལ་བའི་སྐྱོན། ཚིག་དང་དོན་ལ་ལྡབ་འགྱུར་མང་བའི་སྐྱོན། ནང་དོན་ཕན་ཚུན་འདྲེས་པའི་སྐྱོན། ཚིག་ཧ་ཅང་མྱུར་བའི་སྐྱོན། ཚིག་ཧ་ཅང་དལ་དྲགས་པའི་སྐྱོན”བཅས་སྤངས་ན་ཁྲིད་ཟིན་པའི་ནང་དོན་དེ་དག་གོ་རིམ་ལྡན་ལ་ཁ་གསལ་བ། གཙོ་ཕལ་དབྱེ་བ་གསལ་བ། མདོར་བསྡུས་ཤིང་གནད་དུ་འཁེལ་བ་སོགས་བྱུང་སྟེ། སློབ་མ་རྣམས་དགའ་ཞིང་སྤྲོ་བས་འཇུག་པས་གྲུབ་འབྲས་ཀྱང་ལེགས་པོ་ཐོབ་སྲིད།
             གཉིས་པ། སློབ་མའི་སྦྱོང་བརྡར་ནུས་པ་སྐྱེད་སྲིང་བྱེད་དགོས།
             སློབ་མའི་སྦྱོང་བརྡར་ནུས་པ་སྐྱེད་སྲིང་བྱེད་པ་ནི་སློབ་མའི་ལྟ་ཀློག་དང་། རྩོམ་འབྲི། འཆད་ཉན་སོགས་ལ་སྦྱོང་བརྡར་སྤྲོས་རྒྱུ་དེ་རེད། དེ་ཡང“ཡི་གེའི་ཡོན་ཏན་འབྲི་བ་ཡིན། འབྲི་གིན་འབྲི་གིན་ལེགས་སུ་འགྲོ”ཞེས་པ་ལྟར། དགེ་རྒན་རྣམ་པས་སློབ་མར་དུས་དང་རྣམ་པ་ཀུན་ཏུ་ལུས་བཅར་ཟིན་དེབ་འཁྱེར་དགོས་པའི་རེ་བ་ནན་པོ་བཏོན་ནས། གནས་གང་དུ་སླེབས་ཀྱང་མཐོང་ཐོས་མྱོང་གསུམ་ཡིག་ཐོག་ཏུ་འགོད་རྒྱུར་དོ་སྣང་བྱས་ཏེ། རྩོམ་འབྲིའི་རྒྱུ་ཆ་མང་ཙམ་གསོག་པར་འབད་དགོས་པའི་སྐུལ་མ་གང་མང་གཏོང་དགོས།
             ⒈དཔེ་དེབ་གང་མང་ལྟ་ཀློག་བྱེད་དུ་འཇུག་དགོས།
              རླབས་ཆེན་གྱི་རྩོམ་པ་པོ་ཀོར་ཅིས། “དཔེ་དེབ་ནི་ཤེས་ཡོན་གྱི་འབྱུང་ཁུངས་ཡིན”ཞེས་གསུངས་པ་ལྟར། སློབ་མར་དཔེ་དེབ་བཀླགས་པའི་གལ་ཆེའི་རང་བཞིན་གསལ་བཤད་བྱས་ནས། ཕན་ཡོད་ཀྱི་དཔེ་དེབ་གང་མང་ཀློག་པར་སྐུལ་ལྕག་མང་ཙམ་གཏོང་དགོས་ལ། རྒྱུན་དུ་བསླབ་གཞི་དང་འབྲེལ་ཡོད་ཀྱི་དཔེ་དེབ་ལྟ་རྒྱུར་སྐུལ་འདེད་དང་། སྣེ་ཁྲིད། གསོ་སྐྱོང་། བློ་འབྱེད་སོགས་ཀྱིས་ལྟ་ཀློག་གི་གོམས་གཤིས་འཇགས་པར་བྱེད་དགོས་ཤིང་། དགེ་རྒན་ཚོས་ཀྱང་སློབ་ཁྲིད་བྱེད་སྐབས་སློབ་གཞིའི་ནང་གི་ལེགས་རྩོམ་ཁག་དང་འབྲེལ་ཏེ། རྩོམ་དེབ་ལེགས་གྲས་ངོ་སྤྲོད་དང་མཚམས་སྦྱོར་བྱས་ཏེ། རྩོམ་དེབ་ཁག་ལ་ལྟ་འདོད་ཀྱི་བསམ་པ་སྐྱེད་སྲིང་བྱེད་དགོས། དཔེར་ན། དཔེ་མཛོད་ཁང་ནས་དམའ་འབྲིང་སློབ་མའི་སེམས་ཁམས་སམ་འཚོ་བ་དང་ཐག་ཉེ་ཤོས་ཀྱི་ནང་དོན་འཁོད་པའི་རྩོམ་དེབ་སྣ་ཚོགས་གཡར་ནས་སློབ་མར་རེས་མོས་ཀྱིས་ལྟ་རུ་འཇུག་དགོས་པ་དང་། བལྟས་ཟིན་པའི་ནང་དོན་ལ་རང་ཉིད་ཀྱི་མྱོང་བ་མཚོན་པའི་ཟིན་བྲིས་གདབ་རྒྱུ་དང་། དེས་རང་ཉིད་ཀྱི་རྩོམ་ཡིག་འབྲི་སྦྱོང་བྱེད་པར་ཡང་ཕན་ཐོགས་ཆེན་པོ་ཡོད། དེ་བཞིན་དཔེ་དེབ་ལྟ་ཀློག་བྱས་པ་རྣམས་སློབ་མ་ཕན་ཚུན་བགྲོ་གླེང་བྱེད་དུ་བཅུག་ན་སློབ་མའི་མཐོང་རྒྱ་དང་ཐོས་རྒྱ་དེ་བཞིན་དཔེ་དེབ་ལྟ་ཀློག་བྱེད་པའི་ནུས་རྩལ་ཡང་མཐོ་རུ་འགྲོ་བ་དང་། ལྟ་ཀློག་དང་དབྱེ་ཞིབ་ཀྱི་ནུས་པའང་ཇེ་ལེགས་ཇེ་རྒྱས་སུ་འགྲོ་བར་གདོན་མི་ཟ། དེ་ལས་ལྡོག་སྟེ་བསླབ་གཞིའི་ནང་དོན་ཁོ་ན་ལ་མགོ་འཁོར་ནས་འབྲི་སྦྱོང་བྱེད་པའི་ཐབས་མ་བཙལ་ན། སློབ་མའི་རྩོམ་འབྲིའི་ནུས་པ་དང་རིག་སྟོབས་འཕེལ་རྒྱས་ལ་འགོག་རྐྱེན་མང་པོ་འཕྲད་ངེས།
             ⒉དཔེ་དེབ་ཀྱི་ནང་དོན་ལ་དབྱེ་ཞིབ་བྱེད་དུ་འཇུག་དགོས།
དཔེ་དེབ་ཀྱི་ནང་དོན་ལ་དབྱེ་ཞིབ་བྱ་རྒྱུ་ནི་དོན་དམ་དུ་སློབ་མའི་རང་སྦྱོང་གི་ནུས་པ་སྐྱེད་སྲིང་བྱ་རྒྱུ་དེ་རེད། དེས་ན། དགེ་རྒན་གྱིས་སློབ་ཁྲིད་མ་བྱས་གོང་འཁྲིད་བྱའི་ནང་དོན་དང་འབྲེལ་ཡོད་ཤེས་བྱ་འགའ་སྔོན་སྦྱོང་དུ་བཀོད་སྒྲིག་བྱ་རྒྱུ་གལ་ཆེ། དཔེར་ན། དུམ་མཚམས་དབྱེ་ཞིབ་དང་། དུམ་མཚམས་སོ་སོའི་ནང་དོན་ཕྱོགས་སྡོམ། གོ་དཀའ་བའི་ཐ་སྙད་ལ་རང་རྟོགས་ཀྱིས་འགྲེལ་པ། དཔེ་དོན་དབྱེ་འབྱེད། སློབ་ཚན་ཧྲིལ་པོའི་ནང་དོན་མདོར་བསྡུས་ཕྱོགས་སྡོམ་བྱེད་པ་སོགས་ཀྱི་བསམ་གཞིག་དྲི་གཞི་བཏོན་ནས་སློབ་མ་རྣམས་ལ་ལེགས་སྒྲུབ་བྱེད་དུ་འཇུག་དགོས། དེ་ལྟར་བྱུང་ན། སློབ་ཚན་གྱི་ནང་དོན་ཁ་གསལ་པོ་དང་། གོ་རིམ་ཡོད་པ། འཁྲུག་ཆ་དོད་པོ་ཡོང་ཐུབ། དེས་མ་ཟད་སློབ་མ་སོ་སོས་དྲི་བ་ཁག་ལ་ལན་བཏབ་པའི་ནང་དོན་དང་། དགེ་རྒན་གྱིས་བཤད་པའི་དོན་གཉིས་གཅིག་མཚུངས་ཡིན་མིན་ཐད་ལ་དོགས་སློང་བྱ་སྲིད་པས་དེ་ལྟར་བྱུང་ན་སློབ་མར་ཤེས་བྱ་མང་པོ་ཐོབ་སྲིད།
             ⒊འབྲི་སྦྱོང་གི་ནུས་རྩལ་རྒྱས་སུ་འཇུག་དགོས།
              སློབ་མའི་རང་འགུལ་ནུས་པ་དང་ལག་ལེན་ནུས་པར་ཤུགས་སྣོན་བརྒྱབ་ནས། དགེ་རྒན་གྱིས་ཤོད་རྐྱང་དང་སློབ་མས་ཉན་རྐྱང་བྱེད་པའི་འཁྲིད་ཐབས་ལས་གྲོལ་གང་ཐུབ་བྱས་ཏེ། སློབ་མ་རང་རང་སོ་སོས་ལག་པ་བསྒུལ་ནས་འབྲི་སྦྱོང་མང་ཙམ་བྱེད་དུ་འཇུག་རྒྱུ་ནི། སློབ་མའི་འབྲི་སྦྱོང་ནུས་རྩལ་ཡར་རྒྱས་སུ་གཏོང་བར་མེད་དུ་མི་རུང་བའི་ཐབས་ཤིག་རེད། དེ་ནི་སློབ་མས་ནག་པང་འཆར་འགོད་ཙམ་ཞིག་རང་གི་ཟིན་བྲིས་སུ་འགོད་པ་ནས་འགོ་བརྩམས་ཏེ། སློབ་ཁྲིད་ཉན་ཞོར་དུ་ཟིན་ཐོ་འགོད་པའི་གོམས་གཤིས་བཟང་པོ་འཇགས་སུ་འཇུག་པ་དང་། སློབ་ཚན་གྱི་ནང་དོན་མཚོན་པའི་བརྗོད་ཚིག་གཙོ་བོ་དང་། ཡང་ན་ནང་དོན་ལས་འཕྲོས་པའི་བསམ་ཚུལ་དང་ཕྱོགས་སྡོམ་སོགས་ཡིག་ཐོག་ཏུ་འགོད་པ་བཅས་ཀྱི་སྦྱོང་བརྡར་རེད། དེ་ལྟར་བྱུང་ན་སློབ་མའི་འབྲི་སྦྱོང་གི་ནུས་པ་དང་། བེད་སྤྱོད་ཀྱི་ནུས་པ། བསམ་པ་དང་སྦྱོར་བ་གཉིས་ཀར་སྦྱོང་བརྡར་ཐོབ་ཐུབ། གཞན་ཡང་སློབ་མ་རྣམས་ཀྱིས་སློབ་ཚན་གྱི་ནང་དོན་ཁག་གོ་རིམ་མ་འཁྲུགས་པར་རྟོགས་ཆེད། ནག་པང་ཐོག་གི་ནང་དོན་གཙོ་བོ་ཁག་ཟིན་བྲིས་འདེབས་དགོས་པ་དང་། དཀའ་གནད་དང་གཙོ་གནད་ཀྱང་ཟིན་བྲིས་འདེབས་དགོས། དེ་བཞིན་སློབ་ཚན་གྱི་ནང་དོན་དང་འབྲེལ་བའི་རང་གི་མྱོང་ཚོར་དང་བསམ་ཚུལ་ཟིན་ཐོར་འགོད་ཤེས་པ་བཅས་ཀྱི་ནུས་པ་གསོ་སྐྱོང་བྱེད་རྒྱུ་གལ་འགངས་ཆེ། དེ་ལྟར་རྒྱུན་དུ་ཟིན་བྲིས་འགོད་པ་དང་། མྱོང་ཚོར་འབྲི་བ། ཕྱོགས་སྡོམ་བྱེད་པ་སོགས་རང་ཉིད་དངོས་སུ་ཞུགས་པ་དང་རང་ཉིད་ཀྱིས་དཀའ་ལས་བརྒྱབ་པའི་འབྲས་བུ་དེས་སློབ་མའི་བརྩོན་སེམས་ལ་ཡར་སྐུལ་བྱེད་ཐུབ་པ་མ་ཟད། སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་ཡོད་སྲིད།
                          (ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་བོད་སྐད་ཡིག་སློབ་དཔྱོད་ཚོགས་ཆུང་གི་པ་སངས་ཀྱིས)

 

རྩོམ་སྒྲིག་པ། གསང་བདག་སྒྲོལ་མ།

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།