ཁྱེད་ཉིད་གནས་ས།:མདུན་ངོས། > རིག་གནས།  > བཟོ་རྩལ།

"མཛུབ་མོའི་འཁྱུག་འགྲོས་ཀྱི་རྒྱུན་མུ་མཐུད་འཛིན་པ།

རྒྱལ་ཁབ་རིམ་པའི་བོད་ཀྱི་ཐང་གའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ནོར་བུ་སྲིད་ཐར་གྱི་སྐོར་བཀོད་པ།

རྩོམ་པ་པོ།      དུས་ཚོད།  2017-06-19 16:45:51     རྩོམ་ཁུངས།  མི་དམངས་དྲ་བ

F2017061910291430567301359[1].jpg

             རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ནོར་བུ་སྲིད་ཐར་གྱིས་དུས་ཡུན་ལོ་གཅིག་ལྷག་ཙམ་རིང་འབྲི་བཞེངས་བྱས་པའི་བོད་བརྒྱུད་ནང་བསྟན་གསང་སྔགས་ཀྱི“རིགས་གསུམ་མགོན་པོའི”ཐང་ག་དེ་མཐའ་མའི“སྤྱན་ཕྱེའི”དུས་མཚམས་སུ་སླེབས་ཡོད།
            2012ལོར་ནོར་བུ་སྲིད་ཐར་སྒེར་གྱི་ཐང་ག་འབྲི་མཁན་ཞིག་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་གི་བོད་ཀྱི་ཐང་གའི“སྨན་གསར་ལུགས”ཀྱི་རྒྱུན་འཛིན་པར་གྱུར། ལོ་དེར་ཁོང་གིས་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་ཡང་བཙུགས།
            ཐང་ག་ནི་བོད་རིགས་ཀྱི་རི་མོའི་སྒྱུ་རྩལ་ཡིན་པ་དང་སྤྱི་ལོའི་དུས་རབ་བདུན་པར་དར་བ་དང་། ལག་རྩལ་རྙོག་འཛིང་ཆེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་ད་ཆ་སྲིད་གཞུང་གི་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་འོག་ཐོན་ལས་ཤིག་ཏུ་གོང་འཕེལ་འགྲོ་བཞིན་མཆིས།
            ལག་རྩལ་དེ་ད་བར་རྒྱུན་འཛིན་དང་དེར་བཞེངས་ལུགས་མང་པོ་ཡོད་ཅིང་། དེའི་ནང་སྨན་ཐང་དང་། སྨན་གསར། མཁྱེན་བརྩེ། ཀརྨ་སྒར་བྲིས་བཅས་གཙོ་བོར་གྱུར་ཡོད། 2006ལོར་ཐང་ག་འདི་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད།
            ཐང་གའི་ཁྱིམ་རྒྱུད་དུ་སྐྱེས་པའི་ནོར་བུ་སྲིད་ཐར་ལ་ད་ཆའི་གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་ལྷན་སྐྱེས་ཀྱི་ལེགས་ཆ་ལྡན་པ་ཙམ་མིན་པར་ཕྱིས་སུ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ཁོང་གིས་ལོ་11ནས་བཟུང་སྤོ་ལགས་དང་ཐང་ག་འབྲི་བཞེངས་མཁས་ཅན་གཞན་དག་གི་ས་ནས་སྐྱ་རིས་སློབ་སྦྱོང་བྱས་པ་དང་ཁྱོན་ལོ་བཅུ་ལྷག་ཙམ་འབད་པ་བྱས་པ་བརྒྱུད་མཐར་དགེ་རྒན་ཞིག་ཏུ་གྱུར།
            སློབ་སྦྱོང་གི་ལམ་ལུགས་དེ་ཁོང་གི་ཐང་གའི་སྒྱུ་རྩལ་གླིང་བར་རྒྱུན་མཐུད་བྱས་ཡོད། “སློབ་མ་ཚོས་རྒྱུད་རིམ་ལྡན་པའི་སློབ་སྦྱོང་ལོ་6བྱས་རྗེས་གཞི་ནས་སློབ་གྲྭ་ཐོན་གྱི་ཡོད”མིག་སྔར་སློབ་གྲྭ་དེར་ཁྱོན་སློབ་མ་50ལྷག་ཙམ་ཡོད་པ་དང་ཕལ་ཆེ་བ་ཞིང་འབྲོག་པའི་ཁྱིམ་ཚང་དབུལ་པོ་ནས་ཡིན་པས་ཁོང་ཚོས་དེ་གར་བཟའ་སྡོད་ཀྱི་རིན་པ་དང་སློབ་ལོན་སྤྲོད་དགོས་ཀྱི་མེད།
            ལོ་19ལ་སླེབས་པའི་ཀརྨ་དཔལ་འབྱོར་གྱིས་ལོ་ཕྱེད་ལྷག་ཙམ་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་པ་དང་། རི་མོ་འབྲི་བའི་རྨང་གཞི་མེད་པའི་ཁོང་གིས་སྐུ་ཐང་སྐྱ་རིས་ནས་སློབ་སྦྱོང་བྱེད་འགོ་ཚུགས་ཡོད།
          “རེ་བ་ནན་པོ་ཡོད་པའི་དབང་གིས་སློབ་སྦྱོང་བྱེད་སྐབས་ཧ་ཅང་དཀའ་ལས་ཁག་པོ་འདུག” “སྐབས་རེ་ངལ་ནུས་ནང་ཞུགས་ན་དེ་བས་ལེགས་སྙམ་གྱི་འདུག”ཅེས་ཀརྨ་དཔལ་འབྱོར་གྱིས་བཤད།
          ནོར་བུ་སྲིད་ཐར་ལ་ན་གཞོན་དུས་སུ་བསམ་བློ་དེ་འདྲ་གཏན་ནས་འཁོར་མྱོང་མེད། ཁོང་གིས་མེས་པོའི་ཕྱག་རྒྱུན་སློབ་སྦྱོང་བྱེད་སྐབས་ན་མཉམ་ཕྲུ་གུ་རྣམས་སློབ་ཁང་དུ་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་ཀྱི་ཡོད་པས་སློབ་ཚན་དེ་དག་གསབ་ཆེད་ལོ་28ལ་སླེབས་པའི་ཁོང་སླར་ཡང་སློབ་གྲྭར་བསྐྱོད་ཡོད།
         “རང་སྨྱོ་བ་རེད་དམ། ཡོང་འབབ་ཡག་པོ་དེ་འདྲ་ཡོད་དུས་སློབ་གྲྭར་སློབ་སྦྱོང་བྱེད་པར་འགྲོ་དགོས་དོན་མེད”ཅེས་ཁྱིམ་མིས་ངོ་རྒོལ་བྱས་ཀྱང་ཁོང་གི་ཆོད་སེམས་ལ་འགྱུར་ལྡོག་བྱུང་མེད།
          ཁོང་གིས་ལོ་གསུམ་གྱི་དུས་ཚོད་བེད་སྤྱད་ནས་བོད་ཀྱི་རིག་གནས་དང་བོད་ཀྱི་རྩོམ་རིག་སློབ་སྦྱོང་ལ་རྩེ་གཅིག་ཏུ་གཞོལ།
         སློབ་ཆེན་ཐོན་རྗེས་ཁོང་གིས་ཕ་ཡུལ་དུ་ཕྱིར་ལོག་མ་བྱས་པར་ལྷ་སར་སྡོད་རྒྱུའི་གདམ་ག་བྱས།
         ལོ་130ལྷག་ཙམ་གྱི་གོང་དུ“སྨན་གྲོང་ཕུན་ཁང”གིས་བོད་ཀྱི་ཐང་གའི་འབྲི་ལུགས་གལ་ཆེན“སྨན་གསར་ལུགས”མུ་མཐུད་རྒྱུན་འཛིན་གང་ལེགས་བྱས་ཡོད། མེས་པོས་བཞག་པའི་ལག་རྩལ་དེ་དར་སྤེལ་གཏོང་ཆེད་ནོར་བུ་སྲིད་ཐར་གྱིས་དགེ་ཕྲུག་བསྡུས་ནས་སྲོལ་རྒྱུན་དར་སྤེལ་གཏོང་འགོ་ཚུགས་ཡོད།
         ནོར་བུ་སྲིད་ཐར་གྱིས་བཙུགས་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གིས་ད་བར་ཐང་ག་བཞེངས་མཁན་300ལྷག་ཙམ་གསོ་སྐྱོང་བྱས་ཤིང་། ཁོང་གིས་ཐང་གའི་སྒྱུ་རྩལ་གླིང་འདི་ཉིད་བོད་ཀྱི་ཐང་གའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་རྟེན་གཞིར་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད།
         ལོ་30ལ་སླེབས་པའི་དཀོན་མཆོག་རྒྱལ་ནི་ནོར་བུ་སྲིད་ཐར་དང་མཉམ་དུ་སློབ་སྦྱོང་བྱས་ནས་ལོ་20ལྷག་ཙམ་སོང་བ་དང་ད་ཆ་སྒྱུ་རྩལ་གླིང་གི་དགེ་རྒན་ཡིན་པ་དང་བོད་ཀྱི་ཐང་གའི་རིམ་པ་དང་པོའི་ལྷ་འབྲི་བ་ཞིག་རེད།
         “ང་ཚོའི་འདིར་མི་རིགས་ཀྱི་དབྱེ་བ་མེད་ལ་ཕོ་མོའི་དབྱེ་བ་དེ་བས་མེད། ཁྱེད་ཀྱིས་བོད་ཡིག་ཤེས་པ་དང་ཐང་ག་སྦྱོང་འདོད་ཡོད་ན་ཚང་མ་ཡོང་ཆོག”ཅེས་དཀོན་མཆོག་རྒྱལ་གྱིས་བཤད།
          ད་ཆ་བོད་ཀྱི་ཐང་གའི་འབྲི་ལུགས་གཙོ་བོ་ཚང་མ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་ནས་དགེ་རྒན་དང་དགེ་ཕྲུག་བར་རྒྱུན་འཛིན་བྱེད་པའི་མ་ལག་ཡག་པོ་ཞིག་ཆགས་ཡོད་ལ་ཐང་གའང་ཁྲོམ་རའི་ཐོག་བཏོན་ནས“ད་ཆ་ནི་ལོ་རྒྱུས་ཐོག་ཐང་གའི་རིག་གནས་རྒྱུན་འཛིན་བྱེད་པའི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད”
         བོད་ཀྱི་རིག་གནས་གཙོ་གཉེར་སྡེ་ཚན་གྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། བོད་དུ་ཆེད་ལས་ཐང་ག་འབྲི་བཞེངས་བྱེད་མཁན་2000ལྷག་ཙམ་ཡོད་པ་དང་ལོ་ལྟར་ཐང་ག་རྩེར་སོན་ཆིག་སྟོང་ལྷག་ཙམ་འབྲི་བཞེངས་བྱེད་ཀྱི་ཡོད་པ་མ་ཟད། ཐང་གའི་ཐོན་ལས་ཧྲིལ་པོའི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་གྱི་ཡོད་པ་རེད།

 


རྩོམ་སྒྲིག་པ། ཚེ་པེ།

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།