ཁྱེད་ཉིད་གནས་ས།:མདུན་ངོས། > ལྗོངས་སྐོར།  > རང་བྱུང་མཛེས་ལྗོངས།

མཉམ་དུ་བླ་མཚོ་གསུམ་མཇལ་བར་བསྐྱོད་པ།

རྩོམ་པ་པོ།      དུས་ཚོད།  2017-04-17 10:40:40     རྩོམ་ཁུངས།  མི་དམངས་དྲ་བ།

1.jpg

              རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ནམ་ཟླ་ཇེ་དྲོར་འགྲོ་བ་དང་བསྟུན་ནས་མི་ཧ་ཅང་མང་པོས་བོད་ལྗོངས་སུ་ཡུལ་སྐོར་འགྲོ་བའི་འཆར་གཞི་འགོད་ཀྱི་ཡོད་པ་རེད། དེ་ན་བོད་ལྗོངས་སུ་བསྐྱོད་ན་ལྷ་ཡུལ་ལྟ་བུའི་མཛེས་ལྗོངས་བླ་མཚོ་གསུམ་དུ་ཅིས་ཀྱང་འགྲོ་དགོས་པ་རེད། བོད་ལྗོངས་ཀྱི་བླ་མཚོ་གསུམ་ནི་མ་ཕམ་གཡུ་མཚོ་དང་། ཡར་འབྲོག་གཡུ་མཚོ། གནམ་མཚོ་ཕྱུག་མོ་བཅས་རེད།
              མ་ཕམ་གཡུ་མཚོ་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་ཁོངས་སུ་གནས་ཤིང་། མཚོ་ངོས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4588ཡོད་པ་དང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་སུ་ཆགས་པའི་ཚྭ་མེད་མཚོ་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་སྨི་གྲུ་བཞི་མ་412ཡོད་པ་རེད།
              མ་ཕམ་གཡུ་མཚོ་ནི་ནམ་ཡང་མི་ཕམ་པའི་གཡུ་ཡི་མཚོ་ཞེས་པའི་དོན་ཡིན་ཞིང་། ནང་པའི་དད་ལྡན་པ་ཚོས་མ་ཕམ་གཡུ་མཚོ་ནི་བླ་མཚོ་ཡིན་པ་དང་། བླ་མཚོའི་ཆུ་ཡིས་མི་རྣམས་ཀྱི་སེམས་ནང་གི་ཉོན་མོངས་པ་དང་སྡིག་སྒྲིབ་ཐམས་ཅད་གཙང་དག་བཟོ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
              མ་ཕམ་གཡུ་མཚོ་ནི་ནང་པའི་ཆོས་ལུགས་ཀྱི་གནས་རི་གངས་རིན་པོ་ཆེའི་ལྷོ་རྒྱུད་དུ་ཆགས་ཤིང་། གནས་འདི་ནི་གནའ་སྔ་མོ་ནས་ནང་པའི་དད་ལྡན་པ་ཚོས“འཇིག་རྟེན་ལྟེ་གནས”སུ་བཀུར་བཞིན་ཡོད་པ་རེད།
              མ་ཕམ་གཡུ་མཚོ་ནི་ནང་པའི་ཆོས་ལུགས་དང་། ཧིན་རྡུའི་ཆོས་ལུགས བོན་པོའི་ཆོས་ལུགས་བཅས་ཀྱི་གནས་མཆོག་ཁྲོད་ཀྱི་གནའ་སྔ་ཤོས་དང་མཆོག་ཏུ་གྱུར་ཤོས་ཀྱི་གནས་ཤིག་ཡིན་ཞིང་། བླ་མཚོ་འདི་ནི་མི་རྣམས་ཀྱི་སེམས་ནང་གི་དགེ་བ་ཀུན་འཛོམས་ཀྱི་མཚོ་ཞིག་ཡིན་ལ། འཇིག་རྟེན་འདིའི་ལྷ་ཡུལ་ངོ་མའང་རེད།

2.jpg

མ་ཕམ་གཡུ་མཚོ།

3.jpg

 

            

 

 

             ཡར་འབྲོག་གཡུ་མཚོ་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་དུ་གནས་ཤིང་། མཚོ་ངོས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4441ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་སྨི་གྲུ་བཞི་མ་638ཡོད་ལ། ལེན་ཚ་གར་ཚད་དམའ་བའི་ཚྭ་ལྡན་མཚོ་ཞིག་རེད།
             ཡར་འབྲོག་གཡུ་མཚོ་ནི་མཚོ་ཆུ་གཡུ་མདོག་ཅན་ཡིན་པས་མིང་དུ་གྲགས་ཤིང་། བླ་མཚོ་འདིའི་མཚོ་ཆུར་འཛམ་གླིང་ཐོག་མཛེས་ཤོས་ཡིན་པའི་མཚན་སྙན་ཐོབ་པ་དང་། འདི་ནི“བྱུ་རུ་ལྟ་བུའི་མཚོ”ཡིན་ཞེས་འབོད་མཁན་ཡང་ཡོད་པ་རེད།

 

            4.jpg

ཡར་འབྲོག་གཡུ་མཚོ།

              5.jpg

          6.jpg

            

 

 

             གནམ་མཚོ་ཕྱུག་མོ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དང་ནག་ཆུ་ས་ཁུལ་གྱི་དཔལ་མགོན་རྫོང་བར་དུ་གནས་ཡོད་པ་དང་། གནམ་མཚོའི་མཚོ་ངོས་ནི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་4718ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1900ལྷག་ཡོད་ལ། འཛམ་གླིང་ཐོག་ས་བབ་མཐོ་ཤོས་སུ་ཆགས་པའི་ཚྭ་ལྡན་མཚོ་ཞིག་ཡིན་ལ། བོད་ལྗོངས་ཀྱི་མཚོ་ཆེན་གཉིས་པའང་རེད། མིག་སྔར་བར་བོད་ལྗོངས་ཀྱི་མཚོ་ཆེན་དང་པོ་ནི་སེར་གླིང་མཚོ་ཡིན་པ་རེད། གནམ་མཚོའི་ཆུ་ནི་གཉན་ཆེན་ཐང་ལྷའི་འཁྱགས་རོམ་བཞུས་ནས་ཁ་གསབ་བྱེད་ཀྱི་ཡོད་པ་དང་། མཚོ་འགྲམ་དུ་ཆུ་ཕྲན་ཆེ་ཆུང་མང་པོ་ནས་ཆུ་འབབ་བཞིན་ཡོད་ཅིང་། མཚོ་ནི་དྭངས་ཤིང་གཙང་ལ། མཚོ་ངོས་སྔོ་ཐིང་ཐིང་མངོན་ཞིང་། གནམ་སྔོན་པོ་དང་མཚོ་ངོས་གཅིག་ཏུ་སྦྲེལ་ནས་མཛེས་སྡུག་རབ་ཏུ་ལྡན་པར་གྱུར།
             གནམ་མཚོའི་ལྷོ་ཕྱོགས་སུ་ལོ་ཧྲིལ་པོར་ཁ་བ་བསགས་པའི་གཉན་ཆེན་ཐང་ལྷ་དང་། བྱང་ཕྱོགས་དང་ནུབ་ཕྱོགས་སུ་མཐོ་སྒང་གི་དེའུ་འབུར་ཡིན་ཞིང་། རྩྭ་ཐང་གིས་བླ་མཚོའི་ཕྱོགས་བཞི་ནས་བསྐོར་ཡོད་ལ། དྭངས་ཤིང་གཙང་བའི་མཚོ་དང་ཕྱོགས་བཞིའི་གངས་རི་ཕན་ཚུན་མཛེས་ཆོས་སུ་གྱུར་ཞིང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཚོ་བོད་ལྗོངས་སུ་ཡུལ་སྐོར་གནང་བར་ཕེབས་སྐབས་ངེས་པར་དུ་འགྲོ་དགོས་པའི་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད་པ་རེད།
 7.jpg 

གནམ་མཚོ་ཕྱུག་མོ།

9.jpg

8.jpg

 

རྩོམ་སྒྲིག་པ། གསང་བདག་སྒྲོལ་མ།

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།