ཁྱེད་ཉིད་གནས་ས།:མདུན་ངོས། > གསར་འགྱུར།  > བོད་ཁུལ་གསར་འགྱུར།

གྲོང་ཁྱེར་ཁྲེང་ཏུའུ་ནས་སྐབས་17པའི་རྒྱལ་ཡོངས་ཀྱི་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་དངོས་སུ་མགོ་བརྩམས།

རྩོམ་པ་པོ།      དུས་ཚོད།  2017-09-05 10:02:27     རྩོམ་ཁུངས།  རྔ་བའི་གསར་འགྱུར་དྲ་བ།

2ECF4A52DE86C61CBA244DEA20EAE7E6.jpg

             རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ལོ་ངོ་རེ་རེའི་འབྲས་བཟང་དཔལ་དུ་སྨིན་པའི་སྟོན་གྱི་དུས་འདིར།  སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་ཁྲེང་ཏུའུ་རུ་བོད་ཁ་བ་ཅན་གྱི་འཕྲིན་སྦྱོར་ལས་རིགས་ཁག་གི་དབུ་ཁྲིད་དང་ཆེད་མཁས་པ་ལྷན་དུ་འཛོམས་ནས། བོད་ཁ་བ་ཅན་གྱི་འཕྲིན་སྦྱོར་གྱི་གནས་བབ་ལ་དམིགས་ནས་མ་འོངས་པའི་འཕེལ་ཕྱོགས་ལ་གྲོས་མོལ་དང་ཞིབ་འཇུག་བྱེད་རྒྱུ་རེད།

             རྒྱལ་ནང་གི་བོད་ཡིག་ཚགས་པར་དང་དུས་དེབ། བརྙན་འཕྲིན། རླུང་འཕྲིན། དྲ་བ། འཕྲིན་སྦྱོར་གསར་བ་སོགས་འཕྲིན་སྦྱོར་ལས་ཁུངས་༦༠ལྷག་གི་མི་སྣ་༡༠༨ལྷན་དུ་འཛོམས་ནས། ཟླ་༩བའི་ཚེས་༥ཉིན་གྱི་སྔ་དྲོར། གྲོང་ཁྱེར་ཁྲེང་ཏུའུ་ནས་སྐབས་༡༧པའི་རྒྱལ་ཡོངས་ཀྱི་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་དངོས་སུ་མགོ་བརྩམས་པ་རེད། 

938F5C14E89D119F731DBAC1748F6D5E.jpg

             ཐེངས་འདིའི་ཚོགས་འདུ་ནི་སི་ཁྲོན་ཏང་སྐྱོང་དུས་དེབ་ཁང་གི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་གཙོ་གཉེར་བྱས་ཤིང་། ཚེས་༥ཉིན་ནས་ཚེས་༧བར་དུ་ཚོགས་ཞུགས་ལས་ཁུངས་སོ་སོས་ལོ་ངོ་གཅིག་གི་ཕུལ་བྱུང་གསར་འགྱུར་དང་འགྱུར་རྩོམ་ལེགས་ཤོས། དཔྱད་རྩོམ། པར་ངོས་ཡག་ཤོས་སོགས་འགྲན་ཞུགས་རྩོམ་ཡིག་༣༠༠ལྷག་ལ་དཔྱད་འདེམ་བྱེད་པར་མ་ཟད། གསར་དུ་བྱུང་བའི་ཐ་སྙད་སྐོར་ཅིག་གཅིག་གྱུར་ཏུ་གཏན་ལ་འབེབ་རྒྱུ་རེད། ད་དུང་སྐབས་དང་བོའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཚོགས་འདུ་འཚོགས་ཏེ། སྲོལ་རྒྱུན་འཕྲིན་སྦྱོར་དང་གསར་དར་འཕྲིན་སྦྱོར་ཇི་ལྟར་མཉམ་འདྲེས་སོགས་བོད་ཀྱི་འཕྲིན་སྦྱོར་གོང་ནས་གོང་དུ་སྤེལ་ཐབས་ལ་བགྲོ་གླེང་བྱེད་པར་མ་ཟད། གྲོང་ཁྱེར་ཁྲེང་ཏུའུ་ཡི་ཉེ་འཁོར་གྱི་བོད་ཀྱི་རིག་གནས་ཐོན་ལས་ཀྱི་རྟེན་གཞི་ལ་བཅར་འདྲི་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་རེད། 

             དེ་ཡང་སྐབས་དང་བོའི་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་ནི་༡༩༩༨ལོའི་ཟླ་༧པར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་འགན་འཁུར་ནས་གྲོང་ཁྱེར་ལྷ་ས་ནས་འཚོགས་པ་ཡིན་ལ། སྐབས་དེར་ཚགས་པར་ཁང་༡༡་ལས་མེད། ད་ལྟ་ཚགས་པར་དང་དུས་དེབ། བརྙན་འཕྲིན། དྲ་བ། རླུང་འཕྲིན། འཕྲིན་སྦྱོར་གསར་བ་སོགས་འཕྲིན་སྦྱོར་ལས་ཁུངས་༦༠ལྷག་ཞུགས་ཡོད་པས་རྒྱལ་ཡོངས་སུ་གཞི་རྒྱ་ཆེས་ཆེ་བའི་བོད་སྐད་ཡིག་གི་འཕྲིན་སྦྱོར་འདུ་ཚོགས་ཤིག་ཡིན། འདས་པའི་ལོ་ངོ་༡༩ཡི་རིང་ལ། བོད་ཀྱི་འཕྲིན་སྦྱོར་ནི་ཚགས་པར་རྐྱང་བ་ནས་འཕྲིན་སྦྱོར་ཀུན་འདུས་སུ་འཕེལ་རྒྱས་ཆེན་པོ་བྱུང་ནས་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་འཕྲིན་སྦྱོར་འཕེལ་རྒྱས་ཀྱི་གོམ་འགྲོས་དང་མཉམ་དུ་སྐྱོད་བཞིན་ཡོད་ཅེས་བརྗོད་ཆོག་ལ། དེ་ལ་སྐབས་རེ་རེའི་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་ཡིས་བསུབ་ཏུ་མེད་པའི་ཕན་ནུས་ཐོན་པར་མ་ཟད། བྱས་རྗེས་ཀྱང་བླ་མེད་བཞག་ཡོད། 

D4F08FC921A1065CE60977CB931E5B62.jpg

              སྡོམ་རྩིས་ལྟར་ན། སྐབས་དང་བོའི་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་འཚོགས་བ་ནས་ད་བར་དུ། ཕུལ་བྱུང་གསར་འགྱུར་༡༠༠༠ལྷག་དང་འགྱུར་རྩོམ་ལེགས་ཤོས་༣༠༠ལྷག ཕུལ་བྱུང་དཔྱད་རྩོམ་༢༦༠ལྷག་བདམས་པར་མ་ཟད། གསར་དུ་བྱུང་བའི་བརྡ་ཆད་༡༤༠༠ལྷག་གཅིག་གྱུར་ཏུ་གཏན་ལ་ཕབ་ནས་བོད་ཀྱི་གསར་འགྱུར་དང་ཡིག་སྒྱུར་ལས་རིགས་ལ་དགེ་བའི་ནུས་པ་ཐོན་ཡོད། 


རྩོམ་སྒྲིག་པ། ཚེ་པེ་དང་ཀླུ་རྒྱལ་ཚེ་རིང་


པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།