ཁྱེད་ཉིད་གནས་ས།:མདུན་ངོས། > སློབ་གསོ།  > སློབ་གསོའི་སྡིངས་ཀ

ལུའུ་ཞུན་གྱི་བརྩམས་ཆོས་ནང་གི་ཁུང་ དབྱི་ཅིའི་སྣང་བརྙན་གླེང་བ།

རྩོམ་པ་པོ།  དཔལ་འཛིན།    དུས་ཚོད།  2016-05-31 09:05:49     རྩོམ་ཁུངས།  རྔ་བའི་གསར་འགྱུར་དྲ་བ།

        རྩོམ་རིག་བརྩམས་ཆོས་ནི་སྤྱི་ཚོགས་འཚོ་བ་ཚུར་སྣང་བྱས་པ་ཞིག་ཡིན་ལ། ཡང་བརྩམས་སྒྲུང་འདི་ལ་མཚོན་ན་མི་སྣ་ཞིག་གི་སྐྱིད་སྡུག་ཉམས་ཉེས་དང་དར་རྒུད་འདུ་བྲལ། དགའ་སྐྱོ་ཆགས་སྡང་བཅས་ཀྱི་བྱུང་རིམ་བྲིས་པར་བརྟེན་ནས། དུས་རབས་དང་སྤྱི་ཚོགས་ནང་གི་མི་དང་མིའི་བར་གྱི་བརྩེ་སེམས་དང་གཤིས་ཀ སྤྱི་ཚོགས་ཀྱི་སྣང་ཚུལ་བཅས་གསལ་བོ་ཞིག་མཚོན་ཡོད་པ་རེད། མི་སྣའི་སེམས་ཁམས་དང་གཏམ་སྤྱོད་སོགས་ཞིབ་འབྲི་བྱས་པ་བརྒྱུད། མི་སྣའི་སྣང་བཪྙན་གསར་བཞེངས་བྱས་པའི་སྒྱུ་རྩལ་མཚོན་ཐབས་ལས་ཐོག་མར་ཁུང་དབྱི་ཅི་ཞེས་པའི་རྩོམ་ཡིག་འདི་བཀླགས་སྐབས་རང་ལ་ཡང་སྤྱི་ཚོགས་ཀྱི་ཟུར་ཁ་ཞིག་གིས་ཚོར་བ་སྐྱུར་མོ་རེ་སེམས་ལ་རང་འགུལ་གྱི་བཞུར་ཡོང་བ་རེད།

        ལུའུ་ཞུན་གྱི་ཐོག་མར་རྩོམ་འདི་འབྲི་སྐབས་ཀྱི་སྤྱི་ཚོགས་ལ་རྒྱུས་ལོན་ཧ་ཅང་ཞིབ་མོ་བྱས་ནས་ད་གཟོད་སྤྱི་ཚོགས་དེའི་མུན་ནག་གི་ཟུར་ཁ་ཞིག་དམིགས་སུ་དགར་ནས་ཆིང་རྒྱལ་རབས་དུས་མཇུག་གི་འཚོ་བའི་ཟུར་ཁ་ཞིག་གི་གནད་དོན་དག་ཐེར་བྱས་ཡོད། སྤྱིར་བཏང་གི་བཤད་ན་ཁུང་དབྱི་ཅི་ལྟ་བུ་ལ་མཚོན་ན་སྤྱི་ཚོགས་ཀྱི་གནས་བབ་དང་འགྲོ་འདུག་སྤྱོད་གསུམ་ལ་མཐའ་འཁྱོངས་མི་ཐུབ། སྤྱི་ཚོགས་ཀྱི་གྲལ་ནས་ཡོན་ཏན་པ་ཡིན་མདོག་གི་སྤྱི་ཚོགས་ཀྱི་ཟུར་ཁ་ཞིག་གི་གནད་དོན་བཟུང་ནས་ཁུང་དབྱི་ཅིའི་ཁྱད་པར་གྱི་རང་གཤིས་འདི་ཅུང་ཙམ་བཤད་ཡོད། སྐུ་ཞབས་ལུའུ་ཞུན་གྱིས་གསུངས་པ་ལྟར་ཐབས་ཤེས་རིགས་གཉིས་ལ་བརྩོན་དགོས། གཅིག་ནི་མི་གཅིག་དམིགས་སུ་འཛིན་པ་དང་གཉིས་ནི་མི་སྣ་སྣ་ཚོགས་པ་གཅིག་ཏུ་སྦྱར་ནས་འཛིན་པ་སྟེ། གོང་གི་རྩོམ་པ་པོ་ལུའུ་ཞུན་ལགས་ཀྱིས་བཤད་པ་ལྟར་ཁུང་དབྱི་ཅི་ལྟ་བུའི་བརྩམས་སྒྲུང་འདི་ལ་མཚོན་ན་མི་སྣ་གཅིག་དམིགས་སུ་དགར་ནས་དེའི་སྐབས་ཀྱི་ཆིང་རྒྱལ་རབས་དུས་མཇུག་གི་གཞུང་རྒྱུགས་སྤྲོད་ལེན་ལམ་ལུགས་དང་སྤྱི་ཚོགས་རུལ་སུངས་ཀྱི་ཟུར་ཁ་ཞིག་ལ་དགག་པ་བརྒྱབ་ཡོད། ཁུང་དབྱི་ཅིའི་སྣང་བཪྙན་འབྲི་བཞེངས་བྱེད་སྐབས་རྩོམ་པ་པོས་ཞིབ་ཅིང་ཕྲ་བའི་ངོ་གདོང་གི་རྨ་ཤུལ་རེ་རེ་གཙིགས་སུ་བཟུང་ནས་དེའི་སྐབས་ཀྱི་སྤྱི་ཚོགས་གི་སྐྱུག་བྲོ་བའི་ནང་སྙིང་ལ་དམིགས་ནས་རྨ་ཤུལ་རེ་རེ་དང་ཁོ་ལ་བཪྙས་བཅོས་སོགས་བྱས་ན་མགོ་བསྒུར་ནས་འདུག་རྒྱུ་མ་གཏོགས་རྒོལ་ཐབས་མེད་པའི་གནས་སུ་ལྷུང་། རྩོམ་པ་པོས་ཁུང་དབྱི་ཅིའི་ཕྱི་ལུས་ལ་གྱོན་པའི་ལྭ་རིང་འདི་གཞིར་བཟུང་ནས་ཁོའི་ང་རྒྱལ་གྱི་ཕྱི་ཚུལ་དང་རང་ཆེ་རང་མཐོའི་སེམས་གཤིས་གཉིས་མཉམ་ལྡེབ་བྱས་ནས་ད་གཟོད་ཀློག་པ་པོ་དག་གི་སེམས་ཁོང་ན་ཡལ་བ་མེད་པའི་ཁོའི་ཕྱི་ཚུལ་གྱི་ཆ་བྱད་དག་འབུར་དུ་ཐོན་ཡོད། ཡིན་ཡང་ཁོ་བོ་ལ་མཚོན་ན་གཞན་ལ་དམའ་འབེབ་དང་མཐོང་ཆུང་བྱེད་པར་དགའ་བའི་རང་གཤིས་སྤྱིར་བཏང་མ་ཡིན་པ་ཞིག་ཆགས་ཡོད། ཁོ་བོའི་ལྭ་རིང་ཐོག་གི་ཚི་དྲེགས་ལ་བལྟས་ན་ལོ་དུ་མ་ཞིག་ལ་བཀྲུས་མེད་པ་འདྲ། སྤྱོད་ཚུལ་འདི་དང་རྣམ་པ་འདི་ལ་བལྟས་ན་ཁོ་བོ་ནི་མི་སྒྱིད་ལུག་ཤ་སྟག་རེད་མོད། ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། དུས་ཀུན་ཏུ་ཁོ་བོ་ནི་སྦྱིན་བདག་གི་ལག་ནས་སྒོར་མོ་སྐྱི་བར་དགའ་བོ་ཡོད། སྦྱིན་བདག་ལ་སྒོར་མོ་ཅི་ལྟར་ཆད་ནའང་། འཆི་ཁའི་ཐ་མ་དེའང་སྒོར་ཚབ་སྤྲོད་དགོས་པའི་རེ་བ་བཅངས་ཡོད།  ཐུན་མིན་རང་གཤིས་ཀྱི་ཁྱད་པར་དེ་ཡིན་པར་འདོད། དེ་ལས་གཞན། རྩོམ་ཡིག་གི་མགོ་མཇུག་བར་གསུམ་ལས་གཞན་གྱིས་ཁོ་ལ་བསྙད་བཏགས་པ་ལས་ཁོ་བོས་གཞན་གྱིས་དངོས་པོ་བརྐུས་པ་ཞིག་ཡེ་ནས་མཐོང་མི་ཐུབ་པ་དེས་ཀྱང་། ཁོ་བོས་དེ་ལྟ་བུའི་འཚོ་བ་ངན་ངོན་ཞིག་ཏུ་རོལ་ཡོད་ནའང་གཞན་གྱི་དངོས་པོ་མི་བརྐུ་བའི་དམ་ཚིག་བསྲུངས་ཡོད།  ནུས་ཚོད་ཀྱིས་གཞན་ལ་ཡི་གེ་ཁྲིད་པ་སོགས་ཐུན་མིན་གྱི་ཁྱད་ཆོས་སུ་འདོད།།  


པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།