མཆིན་ཚད་ཁ་པ་ལ་བརྟག་དཔྱད་བྱས་ནས་རྟགས「+」མངོན་ཚེ་ནད་འགོས་པ་ཡིན་ནམ།

རྩོམ་པ་པོ།   དུས་ཚོད།   2021-09-15   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

      「མཆིན་ཚད་ཁ་པ」ཞེས་པ་ནི་སྤྱིར་བཏང་དུ་མཆིན་ཚད་ཁ་པའི་ནད་དུག་འགོས་པ་ལས་བྱུང་བའི་མཆིན་པའི་དལ་བའི་རང་བཞིན་གྱི་གཉན་ཚད་རང་བཞིན་གྱི་ནད་རིགས་ལ་ཟེར། གོ་ལ་ཧྲིལ་བོར་འགོས་ནད་ཕོག་མཁན་དུང་ཕྱུར3ལ་ཉེ་བའི་ཁྲོད་དུ་བཅུ་ཆའི་གཅིག་གིས་རང་ཉིད་ཀྱི་འགོས་ནད་གནས་ཚུལ་ཤེས་ཐུབ།

        རང་ཉིད་ལ་འགོས་ནད་ཕོག་ཡོད་མེད་རྒྱུས་ལོན་བྱེད་འདོད་ཚེ「མཆིན་ཚད་ཁ་པ་ཆ་གཉིས་དང་ཕྱེད་ཀ」ལ་བརྟག་དཔྱད་བྱ་དགོས།

མཆིན་ཚད་ཁ་པ་ཆ་གཉིས་དང་ཕྱེད་ཀ་ནི་ཅི་ཞིག་ཡིན་ནམ།

        མཆིན་ཚད་ཁ་པ་ཆ་གཉིས་དང་ཕྱེད་ཀ་ནི་མཆིན་ཚད་ཁ་པའི་ནད་དུག་རིམས་འགོག་རིག་པའི་མཚོན་རྟགས་དངོས་པོར་དཔྱད་འཇལ་ཚད་ལེན་གྱི་གོ་བདེའི་འབོད་སྟངས་ཤིག་ཡིན་ལ། དེ་ནི་མཆིན་ཚད་ཁ་པའི་ནད་དུག་འདྲ་བཟོའི་ཆུ་ཚད་ལ་ཚོད་དཔག་རགས་ཙམ་བྱས་པའི་ཐོག་མའི་ཞིབ་བཤེར་ཞིག་ཡིན། རྣམ་གྲངས་ཉུང་ཞིང་ཞིབ་བཤེར་སྟབས་བདེ་པོ་ཡོད་ཀྱང་དེར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

 བརྟག་དཔྱད་ཁྲོད་དུ་ནང་དོན་ཁག་ལྔ་ཚུད་ཡོད་ཅིང་དེའི་ཞིབ་ཕྲའི་ནང་དོན་ནི།

1.མཆིན་ཚད་ཁ་པའི་ཕྱི་ངོས་འགོག་རྫས། ( HBsAg)

2.མཆིན་ཚད་ཁ་པའི་ཕྱི་ངོས་འགོག་གཟུགས། (Anti - HBs)

3.མཆིན་ཚད་ཁ་པའིeའགོག་རྫས། ( HBeAg)

4.མཆིན་ཚད་ཁ་པའིeའགོག་གཟུགས། (Anti - HBe)

5.མཆིན་ཚད་ཁ་པའི་སྙིང་བོའི་འགོག་གཟུགས། (Anti - HBc)བཅས་ཚུད་ཡོད།

      དེའི་ཁྲོད་ཀྱི་དོན་ཚན1པོ་དང2པ་ནི་ཆ་གཅིག་ཡིན་པ་དང་། དོན་ཚན3པ་དང4པ་ནི་ཆ་གཅིག་ཡིན་པས་དེར「མཆིན་ཚད་ཁ་པ་ཆ་གཉིས་དང་ཕྱེད་ཀ」ཞེས་འབོད་ཀྱིན་ཡོད།  མཆིན་ཚད་ཁ་པའི་རྣམ་གྲངས་ལྔ་དང་མཆིན་ཚད་ཁ་པའི་ཁྲག་བཤེར་རིག་པའི་བརྟག་དཔྱད་སོགས་ལའང་ཟེར།

ནམ་ཞིག་ལ་བརྟག་དཔྱད་འདི་བྱེད་དགོས་སམ།

1.ཁྲག་རྒྱག་པའམ་ཡང་ན་གཤགས་བཅོས་མ་བྱས་གོང་།

2.མཆིན་ཚད་ཁ་པའི་ནད་དུག་འགོས་ཡོད་མེད་ཐག་མི་ཆོད་པའི་སྐབས།

3.མཆིན་ཚད་ཁ་པའི་ནད་པར་སྨན་བཅོས་དང་གནས་ཚུལ་རྒྱུས་ལོན་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་འགུལ་རྣམ་ལ་ལྟ་ཞིབ་ཚད་ལེན་བྱེད་པ།

4.གལ་ཏེ་ལོ་ལྟར་གཟུགས་པོར་བརྟག་དཔྱད་བྱས་པ་ཡིན་ན། བརྟག་དཔྱད་རྣམ་གྲངས་ཀྱི་ནང་དུ་མཆིན་ཚད་ཁ་པ་ཆ་གཉིས་དང་ཕྱེད་ཀར་བརྟག་དཔྱད་བྱ་རྒྱུ་ཚུད་ཡོད།

「+」རྟགས་འདི་ནི་ཅི་ཞིག་གི་ནང་དོན་ཡིན་ནམ།

      མཆིན་ཚད་ཁ་པ་ཆ་གཉིས་དང་ཕྱེད་ཀའི་བརྟག་དཔྱད་མཇུག་འབྲས་ཁྲོད་དུ་རྟགས「+」འདི་ཡིས་གདགས་གཤིས་དང་རྟགས「-」འདི་ཡིས་སྲིབ་གཤིས་ཡིན་པ་མཚོན།

      2ནི་གདགས་གཤིས་ཡིན་པ་དང་གཞན་རྣམས་སྲིབ་གཤིས་ཡིན་ཚེ་ནད་པར་ནད་ཕོག་པའམ་ཡང་ན་རིམས་འགོག་སྨན་ཁབ་བརྒྱབ་རྗེས་རིམས་འགོག་ནུས་པ་ཐོབ་པ་གསལ་བཤད་བྱས་ཡོད། (ནད་འགོས་མེད་པས་སེམས་ཁྲལ་བྱེད་མི་དགོས།)

      1ནི་གདགས་གཤིས་ཡིན་པ་དང་གཞན་རྣམས་སྲིབ་གཤིས་ཡིན་ཚེ་མཆིན་ཚད་ཁ་པའི་ནད་དུགDNAནི་སྡེབ་སྒྲིག་དུས་རིམ་དུ་གནས་པ་དང་། ནད་དུག་མི་མངོན་པའི་དུས་རིམ་དུ་གནས་པ། འགོས་ནད་རང་བཞིན་ལྡན་པ་བཅས་གསལ་བཤད་བྱས་ཡོད།

      1、3、5བཅས་གདགས་གཤིས་ཡིན་པ་དང་གཞན་རྣམས་སྲིབ་གཤིས་ཡིན་ཚེ་སྔོན་ཆད「གདགས་གཤིས་ཆེན་པོ་གསུམ」ཞེས་འབོད་པ་དེ་ཡིན་པ་དང་། དེས་ནད་པར་དྲག་པའི་རང་བཞིན་ཅན་ནམ་ཡང་ན་དལ་བའི་རང་བཞིན་ཅན་གྱི་མཆིན་ཚད་ཁ་པ་ཡིན་པ་དང་། ནད་དུག་འདྲ་བཟོ་འཁྲུག་པོ་དང་འགོས་ཤུགས་ཆེ་བ་ཡོད་པ་གསལ་བཤད་བྱས་ཡོད།

      1、4、5བཅས་གདགས་གཤིས་ཡིན་པ་དང་གཞན་རྣམས་སྲིབ་གཤིས་ཡིན་ཚེ་སྔོན་ཆད「གདགས་གཤིས་ཆུང་བ་གསུམ」ཞེས་འབོད་པ་དེ་ཡིན་པ་དང་། དེས་ནད་པར་དྲག་པའི་རང་བཞིན་ཅན་ནམ་ཡང་ན་དལ་བའི་རང་བཞིན་ཅན་གྱི་མཆིན་ཚད་ཁ་པ་ཡིན་པ་དང་། ནད་དུག་འདྲ་བཟོ་བྱེད་ཤུགས་ཆུང་དུ་ཕྱིན་པ་དང་འགོས་ཤུགས་ཅུང་ཞན་པ་གསལ་བཤད་བྱས་ཡོད།

      དོན་ཚན་ལྔ་བོ་ཚང་མ་སྲིབ་གཤིས་ཡིན་ཚེ་ནད་པར་མཆིན་ཚད་ཁ་པའི་ནད་དུག་འགོས་མེད་ལ། སྲུང་སྐྱོབ་རང་བཞིན་གྱི་འགོག་གཟུགས་ཀྱང་མེད་པ་གསལ་བཤད་བྱས་ཡོད།

      མཆིན་ཚད་ཁ་པ་ཆ་གཉིས་དང་ཕྱེད་ཀའི་མཇུག་འབྲས་འདྲ་མིན་སྣ་ཚོགས་ཡོད་དེ། འགོས་ནད་ཕོག་མཁན་ལ་སྨན་བཅོས་བྱེད་པའི་སྐབས་སུ་གནས་ཚུལ་གཞན་པ་མང་པོ་འབྱུང་སྲིད་པས་འདི་ནས་ཚང་མ་འགོད་མི་ཐུབ། ཞིབ་ཕྲའི་འགྲེལ་བཤད་རྣམས་སྨན་པས་ནད་གཞིའི་ལོ་རྒྱུས་དང་ནད་ཐོག་སྨན་བཅོས་ཀྱི་མངོན་ཚུལ། དེ་བཞིན་ཞིབ་བཤེར་དང་བརྟག་དཔྱད་བྱས་འབྲས་གཞན་དག་ལ་ཟུང་འབྲེལ་བྱ་དགོས། 

མཆིན་ཚད་ཁ་པ་ཆ་གཉིས་དང་ཕྱེད་ཀའི་སྙན་ཞུར་འགྲེལ་བཤད་བྱེད་པར་ཆེད་ལས་སྨན་པས་འདི་ལྟར་བརྗོད།

     མཆིན་ཚད་ལ་སྨན་བཅོས་མ་བྱས་པར་འཇོག་མི་རུང་།

      འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། གོ་ལ་ཧྲིལ་བོར་མི་དུང་ཕྱུར20ལྷག་ཙམ་ལ་མཆིན་ཚད་ཁ་པའི་ནད་དུག་འགོས་མྱོང་བ་དང་། དེའི་ནང་མི་དུང་ཕྱུར2.4ནི་དལ་བའི་རང་བཞིན་ཅན་གྱི་མཆིན་ཚད་ཁ་པའི་ནད་དུག་འགོས་མཁན་ཡིན་པ་དང་། ལོ་རེར་མི་ཁྲི65ལ་མཆིན་ཚད་ཁ་པ་འགོས་པ་ལས་བྱུང་བའི་མཆིན་པའི་ནུས་པ་ཉམས་ཟད་དང་། མཆིན་པ་སྲ་འགྱུར། མཆིན་པའི་ཕྲ་ཕུང་འབྲས་སྐྲན་བཅས་ཀྱིས་འདས་པ་རེད།

      ལོ་རེའི་ཟླ7པའི་ཚེས28ཉིན་ནི་འཛམ་གླིང་གི་མཆིན་ཚད་ཉིན་མོ་ཡིན་པ་དང་། ད་ལོའི་བརྗོད་དོན་གཙོ་བོ་ནི「མཆིན་ཚད་ལ་སྨན་བཅོས་མ་བྱས་པར་འཇོག་མི་རུང」ཞེས་པ་དེ་ཡིན་པས།  འགོས་ནད་ཕོག་མཁན་གྱིས་སྔ་མོ་ནས་ཞིབ་བཤེར་དང་སྨན་བཅོས་བྱེད་ཐུབ་པར་སྨོན།

      མཆིན་ཚད་ཁ་པའི་རིམས་འགོག་སྨན་ཁབ་ཡུན་རིང་ཉམས་སད་ཐེག་པ་ནི་ནད་དེ་ནུས་ལྡན་དང་བདེ་འཇགས་ཀྱི་འགོག་བཅོས་བྱེད་སྟངས་ཤིག་རེད། གལ་ཏེ་རང་ཉིད་ཀྱིས་འགོག་ཁབ་བརྒྱབ་ཡོད་མེད་གསལ་པོ་མ་ཤེས་ཚེ་སྔ་ཙམ་ཞིབ་བཤེར་བྱེད་པ་དང་དགོས་མཁོ་ཡོད་ཚེ་དུས་ཐོག་ཏུ་འགོག་ཁབ་ཁ་གསབ་རྒྱག་དགོས།

      མཆིན་ཚད་ཁ་པ་རྩ་བ་ནས་བཅོས་ཐབས་བྲལ་བས།  ནད་པས་ནད་དུག་འགོག་པའི་སྨན་བཅོས་བྱས་པ་བརྒྱུད་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་འཚོ་གནས་ཀྱི་དུས་ཚོད་ཇེ་རིང་དུ་གཏོང་ཐུབ། གལ་ཏེ་སྨན་བཅོས་བྱས་པ་ཅུང་སྔ་ན། སྤྱིར་བཏང་དུ་སྔོན་དཔག་བྱས་ན་དེ་ལས་བཟང་། ནད་རྟགས་མེད་པའི་ནད་པས་སྨན་བཅོས་བྱེད་མི་དགོས་པར་དུས་བཀག་ལྟར་ཞིབ་བཤེར་དང་ནད་རྟགས་རྒྱུས་ལོན་བྱ་དགོས།

      མཆིན་ཚད་ཁ་པར་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཅུང་རིང་བས་དུས་བཀག་ལྟར་བསྐྱར་ཞིབ་དང་སྨན་བཅོས་རྒྱུན་འཁྱོངས་བྱ་དགོས། བསྐྱར་ཞིབ་བྱེད་དུས་རྒྱུན་དུ་ཞིབ་བཤེར་བྱས་འབྲས་སྣ་ཚོགས་མཁོ་འདོན་བྱེད་དགོས་ཤིང་། གལ་ཏེ་མཇུག་འབྲས་དེ་དག་ཉིན་གཅིག་ལ་ལེན་མ་ཐུབ་ཚེ་མཇུག་འབྲས་ལེན་སྐབས་ཡང་བསྐྱར་ཨང་ཐོ་བཀོད་ནས་བློ་འདྲི་བྱས་ཏེ་དུས་ཚོད་དང་སེམས་ཤུགས་དེ་བས་མང་བ་ཟད་གྲོན་གཏོང་དགོས་ཀྱིན་ཡོད།

      སྐབས་དེ་དུས་དྲ་ཐོག་ནས་བློ་འདྲི་བྱེད་པ་ནི་སེམས་བདེ་བའི་བྱེད་སྟངས་ཤིག་ཡིན་སྲིད།

      གལ་ཏེ་རང་ཉིད་ལ་མཆིན་ཚད་ཁ་པ་འགོས་ཡོད་མེད་ཐག་གཅོད་བྱེད་མི་ཐུབ་ན། དུས་ཐོག་ཏུ་བརྟག་དཔྱད་དང་བློ་འདྲི་བྱེད་རོགས། གལ་ཏེ་ཤེས་སོང་ན། སྔ་མོ་ནས་སྨན་བཅོས་བྱེད་དགོས། 

རྩོམ་སྒྲིག་པ། གཡུ་འཛོམས།