རྔ་བ་ཁུལ་དང་མེན་དབྱང་གྲོང་ཁྱེར་གཉིས་ཀྱིས་མེན་རྔ་ཐོན་ལས་གླིང་མཉམ་འཛུགས་ཀྱི་མཉམ་ལས་གན་རྒྱ་བཞག

ལིའུ་ཕིང་དང་ལུའོ་ཙེང་པིན་གྱིས་ཤིས་ཚིག་ཕུལ། ལུའོ་ཀྲེན་ཧྭ་དང་། ཝང་ཧྭ་རུང་། ཝུའུ་ལི་ཡན་བཅས་མཛད་སྒོར་ཕེབས།

རྩོམ་པ་པོ།   དུས་ཚོད།   2021-09-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ་ཆོས་རྒྱས།)ཟླ་9ཚེས་14ཉིན་གྱི་སྔ་དྲོར། ཁུལ་མི་དམངས་སྲིད་གཞུང་དང་མེན་དབྱང་གྲོང་ཁྱེར་སྲིད་གཞུང་གིས་མེན་དབྱང་དང་རྔ་བའི་ཐོན་ལས་གླིང་མཉམ་འཛུགས་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་མེན་དབྱང་གྲོང་ཁྱེར་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་དང་། མེན་དབྱང་གྲོང་ཁྱེར་ཨུའི་ཧྲུའུ་ཅི་ལུའོ་ཙེང་པིན་མཛད་སྒོར་ཕེབས་ཤིང་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན། མེན་དབྱང་གྲོང་ཁྱེར་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཧྭ་རུང་བཅས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།
         ལིའུ་ཕིང་གིས་ཤིས་ཚིག་ཏུ་ཁུལ་ཨུ་ཁུལ་སྲིད་གཞུང་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཁྲི་94ཡི་ཚབ་མཛད་ནས། གན་རྒྱ་བཞག་པར་རྟེན་འབྲེལ་ཞུས་ཤིང་། མེན་དབྱང་གིས་རྔ་ཁུལ་ལ་རྒྱབ་སྐྱོར་བླ་མེད་གནང་བར་བཀའ་དྲིན་ཞུས། དུས་ཡུན་རིང་པོར་རྔ་བའི་འཕེལ་རྒྱས་ལ་ཐུགས་ཁུར་གནང་བའི་མེན་དབྱང་མི་དམངས་ལ་གུས་འདུད་ཞུས། ཁོང་གིས་གསུང་རྒྱུར། ཐེངས་འདིའི་གན་རྒྱ་ནི་ཕྱོགས་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་དང་། ཐུན་མོང་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན། འདི་ནི་ཐུན་མོང་འབྱོར་ཕྱུག་ལམ་ལུགས་ལ་སྐུལ་འདེད་ཀྱི་ལག་ལེན་གསར་བ་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་ཐབས་ལམ་དོན་ལྡན་ཞིག་ཡིན་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཡོངས་སུ་མངོན་ཡོད། ཕྱོགས་ཡོངས་ནས་མེན་རྔའི་མཐུན་པའི་ལག་རྡང་སྦྲེལ་ཞིང་རྡོག་རྩ་གཅིག་སྒྲིལ་གྱི་མཛའ་བརྩེ་ཡོངས་སུ་མངོན་ཡོད་པས། མེན་རྔའི་མཉམ་ལས་ལོ་རྒྱུས་ཀྱི་གཟི་འོད་ལམ་མེར་འཕྲོ་བའི་ལེའུ་ཞིག་རྩོམ་པར་གདོན་མི་ཟ། ང་ཚོས་ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་འབུངས་ལ་བརྟེན་ནས། མེན་རྔའི་ཐོན་ལས་གླིང་དར་ཞིང་རྒྱས་པ་དང་། མཉམ་ལས་མཉམ་འཛུགས་དང་། ཐོན་ཁུངས་མཉམ་སྤྱོད། བདག་གཞན་གཉིས་ཕན་གྱི་དཔེ་སྟོན་ཁུལ་དུ་བསྐྲུན་པར་འབད་དགོས། ང་ཚོས་མེན་དབྱང་གྲོང་ཁྱེར་དང་རྔ་བ་ཁུལ་གྱི་མཛའ་བརྩེ་གཟི་རྩ་སྡེ་དགུའི་གཙང་བོ་ལས་རིང་ཞིང་། གསེར་མཚོའི་ཁ་དོག་བཞིན་རྣམ་པར་བཀྲ་བ། རི་བོ་སྐུ་བླ་བཞིན་དྭངས་ཤིང་གཙང་བ། མཛོད་དགེའི་རྩྭ་ཐང་བཞིན་མཐའ་ཡས་པ་ཞིག་ཡོང་བའི་སྨོན་ལམ་འདེབས། 
         ལུའོ་ཙེང་པིན་གྱིས་ཤིས་ཚིག་ཏུ་ལིའུ་ཕིང་འཁོར་བཅས་མེན་དབྱང་དུ་ཕེབས་པར་དགའ་བསུ་ཞུས་ཤིང་། མེན་དབྱང་དང་རྔ་ཁུལ་གྱི་ཐོན་ལས་གླིང་གི་མཉམ་ལས་གན་རྒྱ་བཞག་པར་རྟེན་འབྲེལ་ཤིས་ཚིག་ཕུལ། ཁོང་གིས་གསུང་རྒྱུར། མེན་དབྱང་དང་རྔ་ཁུལ་གྱི་རི་ཆུ་ཕན་ཚུན་འབྲེལ་ནས་ཡོད་ལ། རྒྱུན་རིང་བའི་ལོ་རྒྱུས་དང་རྣམ་དག་གི་མཛའ་བརྩེ་ཟབ་མོ་ཡོད་པའི་ཁྱིམ་མཚེས་བཟང་པོ་ཡིན་ལ། དཔུང་བ་མཉམ་གཤིབ་དང་རྡོག་རྩ་གཅིག་སྒྲིལ་གྱི་སྤུན་ཟླ་བཟང་པོ་ཡིན། ལྷག་པར་ཏུ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་མགོ་བརྩམས་པ་ནས་བཟུང་། མེན་རྔ་ས་ཁུལ་གཉིས་ཀྱིས་ཞིང་ཨུ་ཞིང་ཆེན་སྲིད་གཞུང་གི་གྲོས་ཆོད་བཀོད་སྒྲིག་ལག་ཏུ་བསྟར་ནས། རྔ་ཁུལ་གྱི་དགོས་མཁོ་དང་མེན་དབྱང་གི་འཇོན་ནུས་ཟུང་དུ་སྦྲེལ་ཏེ། རྡོག་རྩ་གཅིག་སྒྲིལ་གྱིས་དབུལ་སྒྲོལ་གནད་འཁེལ་གྱི་གཡུལ་ལ་ཞུགས་ཤིང་། མཉམ་ལས་ཀྱི་གྲུབ་འབྲས་མི་དམན་པ་བླངས་ཤིང་མཉམ་ལས་ཀྱི་འབྲེལ་ཟམ་ཡག་པོ་ཆགས་ཡོད། ད་ལྟ། མེན་དབྱང་དང་རྔ་ཁུལ་གཉིས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་བསྐྲུན་པའི་འཐབ་ལམ་གསར་བའི་མགོ་བརྩམས་ཡོད་ལ། ས་གནས་གཉིས་ཀྱིས་ཐོན་ལས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་ཤིང་དང་། ས་ཁོངས་འཕེལ་རྒྱས་ཀྱི་གནད་འགག་ཏུ་བཟུང་ནས། མགྱོགས་མྱུར་ཏུ་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཐོན་ལས་མ་ལག་བསྐྲུན་བཞིན་ཡོད། ཐེངས་འདིར་ས་གནས་གཉིས་ཀྱིས་མེན་རྔ་ཐོན་ལས་གླིང་མཉམ་དུ་བཙུགས་པ་ནི། ཀྲུང་དབྱང་གིས་དུས་རབས་གསར་བའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། ཞིང་ཨུའི་རྩ་བ་གཅིག་ལ་ཡལ་ག་མང་བ། ཁོངས་ལྔ་མཉམ་འབྲེལ་གྱི་འཐབ་ཇུས་གྲོས་ཆོད། ས་ཁོངས་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་བྱ་སྤྱོད་ལག་ཏུ་བསྟར་བ་ཡིན་ལ། ས་གནས་གཉིས་ཀྱི་མཉམ་ལས་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད། ས་གནས་གཉིས་ཀྱིས་མཉམ་ལས་གན་རྒྱའི་ལས་གཞི་མགྱོགས་མྱུར་ལག་ཏུ་བསྟར་ནས། མཛེས་སྡུག་ལྡན་པའི་སང་ཉིན་མཉམ་དུ་བསྐྲུན་དགོས། མེན་དབྱང་གིས་མེན་རྔ་ཁྱིམ་ཚང་གཅིག་གི་འདུ་ཤེས་བཟུང་ནས། ས་ཁོངས་མཉམ་ལས་ཀྱི་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་པར་འབད་དེ། ཞིང་ཆེན་ཡོངས་ཀྱི་རྩ་བ་གཅིག་ལ་ཡལ་ག་མང་བ་དང་། ཁོངས་ལྔ་མཉམ་འབྲེལ་གྱི་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་བསྐྲུན་པ་དང་། སི་ཁྲོན་དར་སྤེལ་སྐས་རིམ་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས།

         གན་རྒྱ་འཇོག་པའི་མཛད་སྒོའི་སྔོན་དུ་ལིའུ་ཕིང་དང་། ལུའོ་ཙེང་པིན་འཁོར་བཅས་ཨན་ཀྲུའུ་ཁུལ་གྱི་མེན་རྔའི་ཐོན་ལས་འཆར་འགོད་གནས་འདེམས་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས།
         མེན་དབྱང་གྲོང་ཁྱེར་རྒྱུན་ཨུ། གྲོང་དཔོན་གཞོན་པ་ལིའང་ལེས་གཙོ་འགན་བཞེས་ཤིང་། རྔ་བ་ཁུལ་གྱི་འགོ་ཁྲིད་སུའུ་ཅུན་དང་། མེན་དབྱང་གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཞའོ་རྨིན། ལིའུ་ཧའེ་ཁྲང་བཅས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་སོ།།

རྩོམ་སྒྲིག་པ།  ཚེ་པེ།