སློབ་ཕྱིའི་སློབ་གསོར་མདུན་ལམ་དང་འཕེལ་ཕྱོགས་གང་ཡོད་དམ།

རྩོམ་པ་པོ།   དུས་ཚོད།   2021-09-15   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

      སློབ་ཕྱིའི་སློབ་གསོའི་སྐོར་གླེང་སྐབས། ང་ཚོ་ཚང་མས་མྱུར་དུ་རྒྱ་ཡིག་དང་། ཨང་རྩིས། ཕྱིའི་སྐད་ཡིག་བཅས་ཀྱི་ཟུར་ཁྲིད་འཛིན་གྲྭ་སྣ་ཚོགས་ཡིད་ལ་ཤར་སྲིད།

      འོན་ཀྱང་སློབ་ཕྱིའི་སློབ་གསོའི་ཐོག་མའི་དམིགས་ཡུལ་ནི། སློབ་གྲྭས་མཁོ་འདོན་བྱེད་ཐབས་བྲལ་བའི་སློབ་གསོའི་ཞབས་ཞུ་ཁ་གསབ་བྱ་རྒྱུ་དེ་ཡིན་པ་ལས། མཚམས་ལས་བརྒལ་ཏེ་སློབ་གྲྭའི་སློབ་གསོའི་ཚབ་བྱེད་པ་དེ་མིན།

       གཞན་ཡང་སློབ་ཕྱིའི་སློབ་གསོ་དེ་རྣམ་པ་ཅི་ལྟ་བུ་ཞིག་གི་སྒོ་ནས་གནས་ནའང་སློབ་གསོའི་ངོ་བོ་དང་ཐོག་མའི་བསམ་འདུན་དང་རྒྱབ་འགལ་བྱེད་མི་རུང་། 

       འོན་ཀྱང་ང་ཚོས་མཐོང་གསལ་ལྟར། སློབ་ཕྱིའི་གསོ་སྦྱོང་སློབ་གྲྭ་མང་པོ་ཞིག་གི་ལྟེ་བའི་དམིགས་ཡུལ་གཙོ་བོ་ནི་ཁེ་བཟང་རག་ཐབས་ལས་མི་གསོ་སྐྱོང་བྱ་རྒྱུ་དེ་མིན།

       འདི་ལྟ་བུའི་ཁེ་བཟང་རག་ཐབས་ཀྱི་དམིགས་འབེན་ནི་སློབ་གསོའི་མི་གསོ་སྐྱོང་གི་དམིགས་འབེན་དང་ཧེ་བག་ཆེན་པོ་ཡོད།

       དེར་བརྟེན། སློབ་ཕྱིའི་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་པ་ཞིག་ཡོང་ཆེད། ཕྱོགས་གཅིག་ནས་སྲིད་གཞུང་གིས་རྒྱུན་ཆད་མེད་པར་ལྟ་སྐུལ་དོ་དམ་འཐུས་ཚང་དང་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཀྱི་ཐོན་ཁུངས་སྣ་ཚོགས་སྐུལ་སློང་དང་བེད་སྤྱོད་གང་ལེགས་བྱས་ཏེ་སློབ་ཕྱིའི་སློབ་གསོའི་ཁྱབ་ཁོངས་དང་ནང་དོན་རྒྱ་ཇེ་ཆེར་གཏོང་དགོས།

       འདི་ལྟར་བྱས་ན་ད་གཟོད་སློབ་ཕྱིའི་སློབ་གསོའི་དགོས་པ་མངོན་པར་བྱེད་ཐུབ་པ་དང་། ཁྱིམ་ཚང་དང་།  སྤྱི་ཚོགས། དཔལ་འབྱོར་གྱི་རྒྱབ་ལྗོངས་མི་འདྲ་བ་ལས་བྱུང་བའི་སློབ་གསོ་འདྲ་མཉམ་མིན་པའི་གནས་ཚུལ་ཇེ་ཉུང་དུ་བཏང་ནས་སློབ་གསོ་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་ཐུབ།།

རྩོམ་སྒྲིག་པ། གཡུ་འཛོམས།