སིལ་ཏོག་ཆུང་ཆུང་ཞིག་གིས།། ཕྱུག་འགྱུར་གྱི་སྒོ་མོ་ཕྱེས།།

མའོ་རྫོང་གིས་ཤིང་ཏོག་ལི་ཙིར་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ཚུལ་བཀོད་པ།

རྩོམ་པ་པོ།   གསང་བདག་སྒྲོལ་མས་སྒྱུར་སྒྲིག་བྱས།དུས་ཚོད།   2021-09-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      ཉེ་ཆར། མའོ་རྫོང་ཧྥུང་དབྱི་གྲོང་རྡལ་ནན་ཀྲོང་གྲོང་སྡེའི་སྡེ་མི་ཧྥུ་ཏེ་ཀྲི་ནངས་སྔ་མོ་ནས་ཡར་ལངས་ཏེ་དྲོད་ཁང་དུ་སིལ་ཏོག་ལི་ཙི་བཏོག་པ་དང་། སིལ་ཏོག་ལི་ཙི་བཏོགས་རྗེས་དབྱེ་གསེད་དང་ཐུམ་སྒྲིལ་བྱས།

      ནན་ཀྲོང་གྲོང་སྡེའི་སྡེ་མི་ཧྥུ་ཏེ་ཀྲི་ཡིས། ད་ལོར་ངེད་ཚང་གི་སིལ་ཏོག་ལི་ཙི་ལ་ལོ་ལེགས་བྱུང་ཡོད་ཅིང་། ཚོང་བས་རྒྱ་མ་གཅིག་ལ་སྒོར་12ལྟར་ཤིང་ཏོག་ཉོས་པ་དང་། རིན་གོང་དེ་སྤྱིར་བཏང་གི་སིལ་ཏོག་ལི་ཙི་ལས་ལྡབ་གཉིས་ཀྱིས་མཐོ་ཞེས་བཤད།

      ད་ལོ་ནས་བཟུང་། མའོ་རྫོང་ཚན་རྩལ་ཞིང་ལས་ཅུས་ཀྱིས་ཁྱིམ་ཚང་ཞིང་རའི་རྣམ་གྲངས་ལག་བསྟར་ལ་བརྟེན་ནས་ཧྥུང་དབྱི་གྲོང་རྡལ་ནན་ཀྲོང་གྲོང་སྡེའི་སྡེ་མི་ཧྥུའུ་ཏེ་ཀྲི་ཚང་གིས་ས་ཞིང་དུ་སིལ་སྡོང་བཙུགས། སིལ་ཏོག་ལི་ཙི་ལ་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པ་དང་ཐོན་འབབ་བརྟན་པོ་མིན་པ། ཡོང་འབབ་ཉུང་བ་བཅས་ཀྱི་གནད་དོན་ཐག་གཅོད་ཆེད། མའོ་རྫོང་གིས་བསམ་བློ་བཅིངས་འགྲོལ་དང་བློ་ཁོག་ཆེན་པོས་ཚོད་ལྟ་བྱས་ནས་སིལ་ཏོག་ལི་ཙིའི་སྡོང་བོ་ཚད་གཞི་ཅན་གྱི་དྲོད་ཁང་ནང་བཙུགས་ཏེ་སིལ་ཏོག་ལ་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པའི་གནད་དོན་ཐག་བཅད་པ་དང་། སིལ་ཏོག་གི་ཐོན་ཚད་མང་བས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་། སྡེ་མི་ཧྥུའུ་ཏེ་ཀྲི་ཡིས། མིག་སྔར་འདེབས་འཛུགས་བྱེད་སྟངས་འོག་ངེད་ཚང་གི་སིལ་ཏོག་ལི་ཙིའི་སྤུས་ཚད་བཟང་ཞིང་། མུའུ་གཅིག་ལ་སིལ་ཏོག་ལི་ཙི་རྒྱ་མ་4000ཐོན་ཐུབ་པ་དང་། ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི་5ཙམ་ཟིན་ཐུབ་ཅེས་བཤད།

      མའོ་རྫོང་ཧྥུང་དབྱི་གྲོང་རྡལ་ནན་ཀྲོང་གྲོང་སྡེས་སིལ་ཏོག་ལི་ཙིའི་སྡོང་བོ་དྲོད་ཁང་དུ་བཙུགས་ནས་སིལ་ཏོག་གི་སྤུས་ཚང་ཇེ་བཟང་དང་ཐོན་ཚད་མང་བས། ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཕྱུག་པོར་འགྱུར་བའི་ཐོན་ལས་ཆེན་པོ་ཞིག་ཏུ་གྱུར་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་མའོ་རྫོང་གིས་སིལ་ཏོག་ལི་ཙི་མུའུ་ཁྲི་8བཙུགས་ཡོད་ཅིང་། ཐོན་ཚད་ཏུན་ཁྲི་16ཟིན་ཐུབ་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་12ཟིན་ཐུབ། རྫོང་ཡོངས་ཀྱི་མང་ཚོགས་ཁྲི་10ལ་མི་རེར་ཆ་སྙོམས་ཀྱི་ཡོང་འབབ་སྒོར་12000ཙམ་འཕར་ཡོད་ལ། སིལ་ཏོག་ལི་ཙི་ནི་མའོ་རྫོང་གི་གྲོང་གསེབ་དཔལ་འབྱོར་གྱི་གཙོ་རྟེན་ཐོན་ལས་དང་རྫོང་ཁོངས་དཔལ་འབྱོར་གྱི་སྣེ་འདྲེན་ཐོན་ལས་སུ་གྱུར་ཡོད།

      ཉེ་བའི་ལོ་ཤས་རིང་། མའོ་རྫོང་གིས་འཆར་འགོད་ཞིབ་ཚགས་དང་དཔེ་སྟོན་ལ་ཤུགས་བསྣན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། གྲལ་དག་པའི་དྲོད་ཁང་ཆེན་མོའི་ནང་དུ་སིལ་ཏོག་ལི་ཙིའི་དྲི་ཞིམ་འཐུལ་གྱིན་འདུག སིལ་ཏོག་ལི་ཙིས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་དང་ཁྲིད་བཞིན་གདའོ།།

རྩོམ་སྒྲིག་པ། གཡུ་འཛོམས།