མདོ་ཁམས་སྨད་ཀྱི་ཆར་གཏོགས་ཟངས་དཀར་སྡེ།།ཡུལ་བཟང་དཔལ་གྱི་འབྱོར་བ་རབ་ཏུ་རྒྱས།།

རྩོམ་པ་པོ།   དུས་ཚོད།   2021-09-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          གངས་ལྗོངས་ཆེན་པོའི་ཡུལ་མཐའ། རོང་ཆེན་བཞི་སྟེ། ཤར་རྒྱལ་མོ་རོང་། ལྷོ་ཚ་བ་རོང་། ནུབ་ཀོང་པོ་རོང་།བྱང་ཨ་སྟག་རོང་སྟེ་རོང་ཁམས་ཆེན་པོ་བཞི་ལས། ཤར་རྒྱལ་མོ་ཚ་བ་རོང་གི་ཕྱོགས་སུ་གཏོགས་པའི།སྔོན་ས་ཁོངས་ཀྱི་ངོས་ནས་དབྱེ་ན་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་གྲགས་པའི་ནང་ཚན་ཤར་ཚ་རོང་སྟོད་ཀྱི་རྒྱལ་ཁག་བཞི་ལས།ས་ཆེན་སོ་མང་རྒྱལ་པོའི་མངའ་འོག་གི་འབྲོག་སྡེ་ཟངས་དཀར་མ་ནི་སྤྱི་ལོ་དུས་རབས་བདུན་པ་ཟིན་ཙམ་ན། སྤུར་རྒྱལ་བོད་ཀྱི་བཙན་པོའི་ཆབ་སྲིད་རྒྱ་བསྐྱེད་ནས་བོད་ཁམས་གཅིག་གྱུར་མཛད་བཞིན་རྒྱལ་མཐའ་ཡོངས་དང་། ཁྱད་པར་དུ་སྨད་མདོ་ཁམས་ཀྱི་ཕྱོགས་སོ་སོར་རྒྱལ་མཚམས་སྲུང་བའི་ཆེད་དུ། ཡུལ་དབུས་ཀྱི་སྟོད་ཕྱོགས་ནས་རུ་དཔུང་ཆེར་བཀྲམ་པའི་སྐབས་དེར། སྟོད་མངའ་རིས་ཟངས་དཀར་ནས་ཐོན་པའི་མི་སྡེ་གཙོས་ཡུལ་མི་རྣམས་ལ། ཟངས་དཀར་མ་ཞེས་གྲགས་པ་ནས་བཟུང་དེང་གི་བར་མི་ལོ་སྟོང་ཕྲག་གཅིག་ལྷག་གི་ལོ་རྒྱུས་ཡོད་པ་དང་། དམག་རུ་དེ་དག་ཡུལ་འདིར་མ་ཐོན་སྔོན་གྱི་ས་གནས་ཡུལ་མི་ལ་མི་ལོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པ་སྨོས་མེད་ཡིན་པའོ།།

ཟངས་དཀར་ཆགས་ཚུལ།

          དེ་ཆགས་ཡུལ་དང་སྔོན་ཆད་ཀྱི་ཡུལ་མི་ནི། ཡུལ་ཚ་བ་རོང་གི་གཙང་ཆེན། རྒྱལ་མོ་རྔུལ་ཆུའི་གཡས་ཀྱི་སྟོད་ཕྱོགས། རྫ་རི་དང་ནགས་ཚལ་བསྲེ་འཐབ།གཡའ་རི་དང་སྤང་ལྗོངས་མཉམ་འཛོམས། མཚོ་མཚེའུ་དང་རྫ་ཆུ་མཉམ་འདྲེས་ཀྱི་ཡུལ་ཀླུངས་ཏེ། མདོ་སྨད་ཆོས་འབྱུང་དུ། ཛཱ་ཏིའི་དྲི་བསུང་ཡོངས་སུ་འཐུལ་བའི་འགག་ཡངས་དོག་གི་སོ་མཚམས་ཞེས་གྲགས་པའི་ས་དེར། ཡུལ་གྱི་ས་གཤིས་དང་བསྟུན་པའི།ཞིང་ཕྱུགས་མཉམ་འདྲེས་ཀྱི་སྔར་མི་སྟེ།ཡུལ་མི་དུད་ཚང་ཆ་རེ་དང་། རྡོག་རེ་བཞིན་རི་ལུང་ཀུན་ལ་ཁྱབ་ཡོད་པ་དེ་ཚོ། སྤྱིར་མདོ་རོང་ཁམས་ཀྱི་ཡུལ་མིའི་རིགས་དང་མཐུན་པ། ཁ་སྐད་ཀྱང་སྔར་གྱི་བརྡ་རྙིང་ཤས་ཆེ་བའི་བོད་སྐད་བཤད་མཁན་གྱི་ཡུལ་མི་དེ་ཚོ་ཆགས་པའི་ས་གནས་དང་། ཁོ་ཚོའི་རིགས་རུས་གང་ཡིན་ཟེར་ན། དེ་ཡང་། མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོས། དེ་དུས་བཀན་ཤན་ཞེས་པའི་གྲོང་ཁྱེར་དང་། ཝུན་ཁྲོན་ཞེས་པའི་ས་གནས་འདི་དག་ནི་ལོ་སྟོང་ཕྲག་དུ་མའི་སྔོན་རོལ་དུ། བོད་མི་འདུས་སྡོད་ཀྱི་ས་ཁུལ་ཡིན་ཞེས་པ་དང་བསྡུར་ན། ནུབ་བྱང་མཐོ་སྒང་གི་ཕྱོགས་སུ་ཆགས་པའི་མི་རྣམས་དེ་དང་རིགས་མཚུངས་པ་ལྟ་ཅི་སྨོས། དེ་བཞིན་སྐབས་འདིར་བརྗོད་བྱའི་ཡུལ་གྲུ་ནི། ཕྱིས་སུ། ཁོག་སྲུང་དང་། མཁར་སྒོ་ཟེར་བའི་བར་གྱི། སྤོ་དཀར་ལ་ཆེན་ཚུར་ནང་ནས། མཐོ་སྒང་རི་ལུང་གི་ཁ་སྟོད་བར་གྱི་སྣོད་བཅུད་དེ། ཕྱི་སྣོད་ཀྱི་རང་བྱུང་ཆགས་དབྱིབས་དང་། ནང་འགྲོ་བ་མི་རིགས་གང་ཟེར་ན། རོང་མ་འབྲོག་གི་ཆ་ལུགས། སྣམ་ལྭ་གྱོན་པ། ཟོག་ལུག་ར་གསུམ་ཉུང་ཙམ་འཚོ་བ། སྦྲ་གུར་ཕུག་པ་དེ་ཚོ་ཆགས་ཡུལ་དང་ཆགས་ཚུལ་ཙམ་མོ།

          དེ་དུས་ཀྱི་ཡུལ་སྡེ་ཕལ་ཆེ་བ་ནི། སྟོད་མངའ་རིའི་ཞང་ཞུང་ཕྱོགས་དང་འབྲེལ་བ་ཆེ་སྟབས། རུས་རྒྱུད་ཕལ་ཆེར་ལྡོང་དང། སྔར་གྱི་ཡུལ་མི་ཕལ་ཆེར་སྦྲ་རིགས་ཡིན། ཐོག་མར་རུ་སྡེ་གོང་འོག་ཡུལ་ཀུན་ལ། ཡུལ་མིས་རང་རྩིས་ཆེ་བའི་རུ་དཔོན་རེ་མ་གཏོགས་གཅིག་གྱུར་གྱི་ཡུལ་དཔོན་མེད།

          དེ་བཞིན་མི་རབས་དུ་མ་སོང་རྗེས། ཤར་ཙོང་ཁའི་ཡུལ་ཕྱོགས་ཀྱི་སྐྱེས་བུ་དམ་པ། ཤར་ཙོང་ཁ་བ་རྒྱལ་བ་བློ་བཟང་གྲགས་པ། ཁོང་གི་ཐུགས་སྲས་སྔ་ཚར་བཞིའི་ཡ་གྱལ་ཚ་ཁོ་ངག་དབང་གྲགས་པས་ཡུལ་དབུས་ནས་རྗེ་ཉིད་ཀྱི་ཐུགས་དགོངས་ལྟར། དགེ་ལུགས་ཀྱི་དགོན་བརྒྱ་རྩ་བརྒྱད་ཕྱག་འདེབས་བྱེད་པར་དམ་བཅས་པ་ལྟར། སྐུ་ཡུལ་ཤར་རྒྱལ་མོ་ཚ་བ་རོང་གི་ཕྱོགས་སུ་བྱོན་ནས། ལོ་འགའི་རིང་ཕྱག་བཏབ་དགོན་གནས་བརྒྱ་རྩ་བརྒྱད་ཀྱི་གྲས་སུ། རྒྱལ་པོས་ཞུས་པ་ལྟར་རྒྱལ་དེའུ་དགེ་དགོན་ཚེ་བརྟན་གླིང་ཞེས་པ་བཏབ། རྒྱལ་དེའུ་ཟེར་བ་དེ་རྒྱལ་པོས་ཡུལ་ལྷ་གསོལ་མཆོད་ཀྱི་དེའུ་ཡིན། དེར་ཆགས་པའི་དགོན་གནས་ཀྱང་རྒྱལ་པོའི་ཆབ་འོག་ཏུ་འདུ། དེ་དུས་རྒྱལ་རོང་ཕྱོགས་ཕལ་ཆེར་གསང་སྔགས་རྙིང་མ་དང་བཀའ་བརྒྱུད་ལ་དད། གུ་རུ་སིདྷི་ཁ་འདོན་བྱེད་པ་དང་ཕྱིས་སུ་རྗེ་ཀརྨ་པ་ལ་དད་རྩིས་ཆེ་བར་གྱུར། ཟངས་དཀར་རུ་སྡེ་ལས་གཙོ་ཆེ་བ་སྔར་མངའ་རིས་ཞང་ཞུང་གི་ཤུགས་རྐྱེན་ལས། བོན་གྱི་ཤེས་རིག་ལ་ཞེན་པའམ་དད་པ་ཙམ་ལས་ཡུལ་མིའི་སེམས་ལ་གཅིག་གྱུར་གྱི་མཆོད་གནས་ངེས་པ་མེད་ཅིང་རྒྱལ་དེའུ་དགེ་དགོན་ཟེར་ནས་རིམ་བཞིན་རི་བོ་དགེ་ལུགས་པའི་གྲུབ་མཐར་ཕྱོགས། ཚེ་བརྟན་གླིང་ཟེར་བའི་རྒྱལ་པོའི་ཞབས་བརྟན་གྲྭ་ཚང་དེ་རྒྱུན་པར་རྒྱལ་པོའི་མཁར་གྲོང་གི་ལྷ་ཁང་དམར་པོའི་ནང་ནས་འཚོགས་དགོས་སྟབས། ཁང་དམར་བ་ཟེར་བའི་དགོན་མིང་ཐོགས་ཏེ་རྒྱལ་འབངས་ཀུན་གྱི་མཆོད་གནས་སུ་གྱུར། དུས་དེ་ནས་བཟུང་། ནང་རྟེན་གཙོ་བོར་མགོན་པོ་ཕྱག་དྲུག་པ་བཞེངས། རོང་ཆེན་ལྗགས་ནག་པ་དང་ངག་དབང་གྲགས་པ་རྣམ་གཉིས་ཀྱིས་བྱིན་རླབས་གནང་། ངག་དབང་གྲགས་པའི་སྐུ་ཡུལ་ནི་ཁུ་འཇོ་སྦྲ་རྒན་ཚང་ཟེར་བ་ཡིན།

          དེ་ནས་བཟུང་སོ་མང་རྒྱལ་རྒྱུད་ཀྱི་དཔོན་རིགས་རྣམས་དང་འབྲོག་སྡེའི་འབྲེལ་བ་ཟབ་ཏུ་གྱུར། འབྲོག་སྡེ་ཟངས་དཀར་ཕྱོགས་ལ་གྲོས་གཅིག་གཅོད་ཀྱི་དཔོན་ཅིག་དགོས་པར་བཤད་ཀྱང་། ཕྱིའི་མི་སྣ་མངག་སྲོལ་མེད་ཟེར་ནས། སྐབས་འཕྲལ་སོ་མང་རྒྱལ་པོས་ཐད་ཀར་བདག་དབང་སྤྱད་པར་གྲགས།

          ཡུལ་སྡེ་འདིར་ཡང་དབུས་གཙང་དང་མདོ་སྨད། རྒྱལ་རོང་ཕྱོགས་ཀྱི་རིགས་རུས་མི་འདྲ་ཞིང་ཁྱིམ་རྒྱུད་མི་འདྲ་བའི་མི་སྣ་ཇེ་མང་དང་། ཕྱུགས་འཚོ་སྐྱོང་གི་ཁྱིམ་གཞི་ཇེ་མང་དུ་སོང་སྟེ་ས་རྒྱ་ཡང་སྔར་བས་ཆེ་བར་གྱུར།

          དེ་དུས། ཡུལ་སྡེ་ཁྱོན་ལ་བལྟ་ཤེས་དང་ནང་ཁུལ་གྱི་གྱོད་ཁ་མཆུ་སོགས་དྲང་འདུམ་བྱེད་མཁས་དབལ་ཤུལ་ཚང་ཟེར་བའི་ཁྱིམ་མིར་ཀུན་གྱིས་བཀུར་བ་བྱས་ཏེ། རང་བཞིན་གྱིས་སྡེ་བའི་དཔོན་དུ་གྱུར། རྒྱལ་རོང་ཕྱོགས་ཀྱིས་ཡང་ཟངས་དཀར་དུ་དབལ་ཤུལ་ཟེར་བའི་སྡེ་དཔོན་ཡོད་ཅེས་གྲགས།

          ཡུལ་སྡེ་དེ་དང་སོ་མང་རྒྱལ་རྒྱུད་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་བའི་དུས་རབས་ནི། སྔར་བོད་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་དགོས་པར་གཟིགས་ནས། ལྷ་བཙན་པོའི་སྲིད་གཞུང་གིས། རུ་གཙོ་མདའ་དར་དཀོན་མཆོག་སྐྱབས་ཟེར་བ་དམག་མི་བཅས་མངགས་ནས། རྒྱལ་རོང་སོ་མང་རྒྱལ་པོའི་རྒྱལ་ས་ཡོད་ས་དེར་གཞི་བཙུགས། དེ་ཡང་། ཡུལ་མིས་བཤད་སྲོལ་ལ། སོ་མང་རྒྱལ་པོའི་རྒྱལ་རྒྱུད་ཆད་ལ་ཉེ་བ་ན། ཡུལ་དབུས་ཀྱི་མི་ཡ་མཚན་ཅན་ཞིག་ཐོན་ནས་རྒྱལ་རྒྱུད་མཐུད་ཟེར་བ་དེ་དོན་གཅིག་པ་འདྲ།

          དེ་ནས་བཟུང་། སོ་མང་རྒྱལ་པོས་ཁོང་གི་མངའ་འོག་གི་འབྲོག་སྡེར་བརྩིས་ཏེ་དངོས་སུ་བདག་དབང་སྤྱད་པ་དང་འབྲོག་སྡེ་ཟངས་དཀར་སྟོད་སྨད་ཅེས་གྲགས།

          དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་སྟོད་ནས་རིམ་གྱིས་སྲིད་འཛིན་སྒྲིག་གཞིར་འགྱུར་བ་བྱུང་བ་དང་སྔོན་གྱི་ཡུལ་སྡེ་སོ་སོའི་ལམ་ལུགས་ལ་འགྱུར་བ་གསར་དུ་བྱུང་ཡོད།ཟངས་དཀར་ཕྱུགས་ར་ཁང་དང་ཟངས་དཀར་སྟོད་མ་གཉིས་སྡེ་བ་རེ་རེར་བརྩིས་པ་གཞི་གཅིག་བྱས་ཏེ་ལུང་ཟི་ཡུལ་ཚོར་བསྒྱུར། ཏང་སྲིད་མཉམ་འཛོམས་ཀྱིས་གཞི་རིམ་སྲིད་འཛིན་སྡེ་ཁག་ཚུགས། ཡུལ་ཚོའི་སྲིད་འཛིན་སྡེ་ཁག་གི་ལྟེ་གནས་ལུང་ཟིའི་ཁོག་ཡིན། སྔར་གྱི་ཟངས་དཀར་ཕྱུགས་ར་ཁང་གི་མིང་ལ་གད་དམར་སྡེ་བ་ཟེར། ཟངས་དཀར་སྟོད་མ་ལ་ཟངས་དཀར་སྟོད་མ་སྡེ་བ་ཟེར། སྔར་གྱི་ཟངས་དཀར་བར་མ་དང་སྨད་མ་གཉིས་མཉམ་དུ་བསྲེས་ནས་ཟངས་དཀར་ཡུལ་ཚོ་ཟེར་ནས་ཏང་སྲིད་མཉམ་འཛོམས་ཀྱི་གཞི་རིམ་སྲིད་འཛིན་སྡེ་ཁག་བཙུགས། ཡུལ་ཚོའི་སྲིད་འཛིན་ལྟེ་གནས་རག་ཁྲོམ་མདོ་ཡིན། ཟངས་དཀར་བར་སྨད་གཉིས་མཉམ་དུ་བསྲེས་ཏེ་གྲོང་སྡེ་གཅིག་དུ་བསྒྱུར་ནས་མིང་ལ་ཟངས་དཀར་སྡེ་བ་ཟེར་ཡང་རིམ་པ་གོང་འོག་གི་དབང་ཆའི་ཁྱབ་ཁོངས་མི་འདྲ་བས་སྡེ་བ་ལ་སྡེ་དཔོན་བསྐོས། སྡེ་ཤོག་གཉིས་རག་ཁྲོམ་དང་རྒྱ་མཁར་གཉིས་སུ་ཆགས།

འོམ་ཐང་མཛེས་ལྗོངས།

          འོམ་ཐང་ནི་ཧུང་ཡོན་རྫོང་ཟངས་དཀར་ཡུལ་ཚོ་ནས་བྱང་ཕྱོགས་སུ་སྤྱི་ལེ25ཙམ་གྱི་མཚམས་སུ་ཡོད། འོམ་བུའི་ངོ་མར་མཚོ་ལས་བྱུང་བའི་འོམ་ཆུ་བརྒྱུད་པའི་ཐང་ཆེན་པོ་གཡུ་ཡི་གཞོང་བ་འདྲ་བ་དེ་ལ་འོམ་ཐང་ཞེས་མིང་དུ་གྲགས་པ་དང་། དེའི་ཤར་ཕྱོགས་སུ་འོམ་བུའི་རྟ་རྫོང་དང་། ལྷོ་ཕྱོགས་སུ་མཚོ་འཁྱོག་གམ་གཏེར་མཚོ་ཕྱུག་མོ། བྱང་ཕྱོགས་སུ་ཕྲག་ཁིས་ཁ་བ། ནུབ་ཕྱོགས་སུ་ཚལ་ཕྲན་ཉག་ཁ་བཅས་ཡོད། དེ་ནི་སའི་གོ་ལའི་བྱང་གི་འཕྲེད་ཐིག32.4208དང་ཤར་གྱི་གཞུང་ཐིག102.6288ཀྱི་མཚམས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3650ཡོད། དབྱར་གྱི་དུས་ཚིགས་སུ་འོམ་ཐང་ནི་ངེས་པ་དོན་གྱི་མེ་ཏོག་གི་འཇིག་རྟེན་ཞིག་ཡིན་པ་དང་། དེ་ནི་འགྲོ་བ་མིས་བསམ་བཞིན་དུ་བསྐྲུན་པའི་མེ་ཏོག་གི་སྐྱེད་མོས་ཚལ་ལས་ཀྱང་ལྟ་ན་སྡུག་ཅིང་འདྲེན་བྱེད་དབང་བོ་ཅིག་ཅར་འཕྲོག་པར་བྱེད་པས། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།། བུང་བ་སྤྲིན་གྱི་ཚོགས་བཞིན་འདུ།། ཞེས་གསུངས་པ་ལྟར་ཕྱོགས་བཞིའི་སྐུ་མགྲོན་དག་བུང་བའི་ཚོགས་ལ་འགྲན་པའི་ངང་ཚུལ་གྱིས་འོམ་ཐང་མེ་ཏོག་གི་རྒྱ་མཚོ་རུ་སྲིད་པའི་མཛེས་སྡུག་གི་དཔལ་ལ་ལོངས་སུ་སྤྱོད་བཞིན་པའོ།། དེར་ཨུཏྤལ་སྔོན་པོ་དང་། ཨུཏྤལ་སེར་བོ། མཁན་པ་དཀར་པོ། མཁན་པ་སེར་པོ། རེ་ལྕག་སོགས་མིང་ཐོགས་ས་སྟོང་དང་མིང་མི་ཐོགས་ས་ཁྲི་ལ་ལོངས་པའི་མེ་ཏོག་དཀར་སེར་དམར་ལྗང་གིས་མཐའ་ཡས་པའི་སྤང་ལྗོངས་ཡོངས་སུ་བརྒྱན་ཞིང་སྐྱེ་དགུའི་མིག་གི་དབང་བོ་ཅིག་ཅར་དུ་འཕྲོག་པར་བྱེད་པས། དེང་སང་དེར་འོམ་ཐང་མེ་ཏོག་གི་རྒྱ་མཚོ་ཞེས་ཕྱོགས་ཀུན་ལ་ཁྱབ་ཡོད།འོད་གསལ་མཚོས《ཧུང་ཡོན་རྫོང་རིག་གནས་ལོ་རྒྱུས་དེབ་ཕྲེང》ལྟར་རྩོམ་སྒྲིག་བྱས། ཕུར་བ་སྐྱབས་ཀྱིས་པར་བླངས།

རྩོམ་སྒྲིག་པ། ཚེ་པེ།