སྙན་ངག་ལྷ་མོའི་འཛུམ་རིས།

རྩོམ་པ་པོ།   འཕན་འོ་མཚོ།དུས་ཚོད།   2021-08-24   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

སྙན་ངག་ལྷ་མོའི་འཛུམ་རིས།།

ནམ་མཁའི་མཐོངས་ནས་མ་མཇལ།།

སྤྲིན་པའི་གསེབ་ནས་མ་མཐོང་།།

གངས་དཀར་འདབས་ནས་མ་རྙེད།།

སྙན་ངག་ལྷ་མོའི་དྲི་བསུང་།།

གཙུག་ལག་གླིང་ནས་མ་འཐུལ།།

མེ་ཏོག་ཐང་ནས་མ་ཚོར།།

ནེའུ་གསིང་ཀློང་ནས་མ་རེག།

སྙན་ངག་ལྷ་མོའི་དབྱངས་རྟ།།

ཚངས་སྲས་ངག་ནས་མ་ཐོས།།

ཆུ་བོའི་གཞུང་ནས་མ་གསལ།།

རྒྱུད་དྲུག་ཕང་ནས་མ་གོ།།

སྙན་ངག་ལྷ་མོར་ཡོད་ཡོད།།

དྲུག་འགྱུར་སྙན་གླུ་སངས་སེ།།

སྟོད་ཕྱོགས་འབྲོག་སྦྲ་སྨུག་པོའི།།

ལྷས་མཐའ་དེ་ནས་རྙེད་བྱུང་།།

རྙེད་པ་འདང་གི་སྙན་ངག།

འདང་གི་རྐང་མར་ལྟེམ་མེ།།

རྙེད་པ་བརྩེ་བའི་སྙན་ངག།

བརྩེ་བའི་ཁ་ཞག་འཐུལ་ལེ།།

ཕྱི་ཡི་རང་བྱུང་མཛེས་སྡུག།

ནང་གི་ལྷད་མེད་རང་གཤིས།།

མ་བཅོས་འབྱུང་བའི་ཀླུང་ཁམས།།

གདོང་དམར་རུ་བའི་སྣོད་བཅུད།།

དཀར་པོ་དུང་གི་སྙན་ངག།

དམར་པོ་ཁྲག་གི་སྙན་ངག།

ཁྲ་བོ་གཟི་ཡི་སྙན་ངག།

སེམས་སོང་སྙན་ངག་ལྷ་མོ།།

རེ་སྦྲ་སྨུག་པོར་འཐིམ་པ།།

རྟ་ནོར་ལུག་ཁྱུར་སིམ་པ།།

འོ་ཞོའི་བཅུད་ལ་འཁྱིལ་བ།།

སྦྲང་དཀར་ངད་ལ་བྲིན་པ།།

ཨ་མྱེས་གཏམ་ལ་འདྲེས་ཡོད།།

ཨ་མའི་བརྩེ་བར་འཁྱུད་ཡོད།།

ཨ་ཅེའི་འཛུམ་ལ་འཆེལ་ཡོད།།

ཨ་བོའི་སྟོབས་ལ་ཆགས་ཡོད།།

དེ་འདྲའི་སྙན་ངག་ལྷ་མོ།།

ཉན་ན་ཐོས་པའི་བཅུད་ཡིན།།

བལྟས་ན་འདྲེན་པའི་གསོས་ཡིན།།

བསམ་ན་དྲན་པའི་སྨན་ཡིན།།