སྐྱོ་སངས་སྐབས་ཀྱི་ལོ་ལོ་གཞོན་ནུའི་འཆར་སྣང་།

རྩོམ་པ་པོ།   བསེ་ཆོས་འཕེལ།དུས་ཚོད།   2021-08-24   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

གཡུ་མདངས་འཕོས་པའི་སྤང་ལྗོངས་ཡངས་མོ་རུ།།

དབྱར་གྱི་དཔལ་མོ་རྒྱས་པའི་བཞིན་རས་ལ།།

སྣ་ཚོགས་མེ་ཏོག་རྣམ་པར་བཀྲ་བ་ཡིས།།

ཡངས་པའི་ས་ཆེན་བརྒྱན་འདི་ཡིད་དུ་འོང་།།

ཀུན་གྱི་སྙིང་དུ་སྡུག་པའི་པདྨོ་རྣམས།།

བརྩེ་བ་མེད་ཀྱང་དབུལ་ཕྱུག་ཀུན་ལ་མཛའ།།

གསར་དུ་བཞད་པའི་མཛེས་སྡུག་ཆ་རེས་ཀྱང་།།

གཡོ་ཅན་སྒེག་མོའི་སོ་འཕྲེང་ས་ལ་འཐོར།།

དུ་བའི་ནག་ནོག་དྲི་མས་མ་གོས་ཤིང་།།

སྤོས་ཀྱི་འཁྲི་ཤིང་མགོ་ལྕོག་ལྡེམ་པ་ལས།།

ལྷན་སྐྱེས་དྲི་བཟང་ཕྱོགས་སུ་འཐུལ་བ་ཡིས།།

སྤོས་ཀྱི་རྫིང་བུ་འཁྱིལ་འདི་ཉམས་རེ་དགའ།།

ངག་ལ་དབྱངས་ཅན་བྱིན་རླབས་ཞུགས་པ་ཅན།།

ཀུན་གྱི་རེ་བས་སྒུག་པའི་མགྲོན་གྱི་གཙོ།།

ཁུ་བྱུག་བུ་མོའི་སྐྱེས་བཟང་མགྲིན་གླུ་ཡིས།།

སྐྱེ་དགུའི་མྱ་ངན་ལྷ་མ་མེད་པར་སངས།།

འབག་བཙོག་དུག་གི་རྫས་ཀྱིས་མ་བསླད་པའི།།

རྫ་ཆུ་བསིལ་མ་མུ་ཏིག་འཐོར་བའི་འཕྲེང་།།

ལྷུང་ལྷུང་འབབ་པས་བསང་གཏོར་ཟེགས་མ་དེ།།

རབ་དཀར་འོ་མ་ལུད་པའི་དོ་ཟླ་མིན།།

རྔ་ཡུལ་གང་ག་གཉིས་པའི་དལ་འབབ་ཀྱིས།།

དྭངས་པའི་མཚོ་རྫིང་དུ་མ་བྲན་བཀོལ་ཏེ།།

འཛིན་མའི་དཀྱིལ་འཁོར་བརྒྱན་པའི་ལང་ཚོ་ལ།།

མ་བཟོད་གྲགས་པའི་མུ་ཁྱུད་ཟུར་མིག་ལྷུང་།།

ཡིད་ལ་མྱ་ངན་ཤུགས་ཀྱིས་གནོན་པ་ཡིས།།

དབྱར་དུས་སྒེག་མོའི་ལང་ཚོ་མཐོང་བ་ན།།

སངས་ཏེ་རྒན་པོའི་གདོང་གི་གཉེར་མ་ཡང་།།

མ་རྙིང་མེ་ཏོག་གསར་བའི་དཔལ་དང་འཐབ།།

འཇམ་པའི་དྲི་བཞོན་གྱིས་བསྐྱོད་བསེར་བའི་ཤུགས།།

དལ་གྱིས་ལྡང་བའི་བསིལ་བའི་འཕྲེང་བ་ཡིས།།

ལུས་ཀྱི་ཚ་གདུང་སེལ་བའི་ཚོར་བདེ་འདི།།

ཟག་མེད་བདེ་བའི་དཔལ་བཞིན་ཉམས་རེ་དགའ།།

ཁྲག་རླུང་འཐབ་པ་ལས་བྱུང་མ་བོས་འགྲོན།།

བཟོད་དཀའ་རླུང་ནད་རྒན་པོས་འགྱིང་སྟབས་ཀྱང་།།

འདི་ཡི་ཟུར་མིག་ཙམ་ཡང་མ་བཟོད་པར།།

མཁའ་ལ་སྨུག་སྤྲིན་དྭངས་བཞིན་ལྷག་མེད་སངས།།

ཨན་ད་རྙིལ་གྱི་མདངས་འཛིན་ནམ་མཁའ་ལ།།

མཚར་སྡུག་སྤྲིན་དཀར་ལྡིང་གུར་གཡོ་བ་འདིས།།

ས་ལ་གྲིབ་མའི་དངོས་གྲུབ་འཁྱིལ་བ་ལ།།

བདུད་རྩིའི་བསིལ་བ་སྦྱིན་པའི་ཆོ་ག་རྫོགས།།

བཅུ་ཕྲག་ཉི་མ་དུས་གཅིག་ཤར་མིན་ཡང་།།

ཚ་རླབས་མེ་ལྕེ་དབྱིངས་སུ་མཆེད་པ་ལ།།

པདྨོ་བཀྲ་བའི་དྭངས་པའི་ཁྲུས་རྫིང་དུ།།

བསིལ་བའི་དགའ་སྟོན་ཉམས་སུ་མྱོང་འདི་སྐྱིད།།

མཐོང་ན་ཉམས་སུ་དགའ་བའི་རྩི་ཏོག་རྣམས།།

སྡེབ་ན་ཚ་གྲང་ནད་སེལ་སྨན་གྱི་མཆོག།

འདི་ནི་དབྱར་གྱི་དཔལ་མོའི་དངོས་གྲུབ་སྟེ།།

མདོ་སྨད་སྨན་ལྗོངས་འབོད་པ་དོན་དང་ལྡན།།

སྨན་ལྡུམ་དངོས་ཟིན་ལྷ་རྗེ་མཁས་པ་ལ།།

དབྱར་དུས་ལྟ་ན་སྡུག་པའི་གྲོང་ཁྱེར་ཡང་།།

རོ་ནུས་ཞི་རྗེས་ལ་རྨོངས་ཁོ་བོ་ཡིས།།

ལོ་ལོ་གཞོན་ནུས་འཆར་སྣང་ཚིགས་སུ་བཅད།།

དབྱར་གྱི་ལང་ཚོ་དར་ལ་བབས་པའི་དུས།།

དྲུག་ཅུ་རྒན་པོ་རྒས་པས་མནར་ན་ཡང་།།

ཤེས་རབ་ལང་ཚོ་རྒས་པ་མི་སྲིད་པས།།

སྙན་ཚིག་རྒྱུད་མང་འཛུམ་བཞིན་ཅུང་ཟད་བརྡུང་།།

འདི་ཡི་དགེ་བས་གསེར་ལྡན་འདབ་མའི་ལྟོར།།

དུས་བཞིའི་གཡང་གི་འོ་མཚོ་འཁྱིལ་བ་འདིའི།།

མཛེས་པའི་འཛུམ་མདངས་ནམ་ཡང་མི་ཉམས་ཤིང་།།

དགུན་དུས་མིང་གི་ལྷག་མར་མ་གྱུར་ཅིག།

རྩོམ་སྒྲིག་པ།  ཚེ་པེ།