རང་གི་དེ་ཉིད་བརྗོད་པ།

རྩོམ་པ་པོ།   རྡོ་རིགས་ངག་དབང་འཕྲིན་ལས། དུས་ཚོད།   2021-08-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཀི་རིང་ཐང་ལ་འཁོར་བའི་འབྲོག་སྡེ་ནས།།

ཁུ་ཞུན་མར་ལོའི་བཅུད་ཀྱིས་རབ་གསོས་པའི།།

གེ་སར་གཞོན་ནུའི་ལང་ཚོ་ཕར་ལ་རྫོགས།།

ངོ་གདོང་སྨུག་ནག་འཆར་བའི་འབྲོག་ཕྲུག་ང་།།

ཅི་ཡང་མ་ཐོབ་མི་ལོ་སུམ་ཅུའི་མཇུག།

ཆུ་བོའི་རྒྱུན་བཞིན་དུས་ཚོད་རིན་པོ་ཆེ།།

ཇེ་ཞིག་མནོ་བསམ་ཙམ་ཡང་མ་བཏང་བར།།

ཉོ་ཚོང་ལྟ་བུའི་མི་ཚེ་ཕྱེད་ཀ་ཟད།།

ཏི་ཕུ་ལྟ་བུའི་ཁ་གཡང་ཚིག་འཇམ་མེད།།

ཐུ་མིའི་གཞུང་ལ་སྦྱང་བ་དེ་ཙམ་ཡིན།།

དེ་རིང་མི་གྲལ་བསྡད་ཀྱང་དུད་འགྲོའི་དམན།།

ནོ་ཡོན་གམ་གྱི་ཡོ་བྱད་གཅིག་པུ་ལགས།།

པིར་སྨྱུག་བཟུང་ཡང་ཡི་གེ་འབྲི་མི་ཤེས།།

ཕུ་ཐག་ཐུང་བའི་རང་གཤིས་ཡ་མ་གཡོ།།

བེ་ཇུའི་སྤྱོད་པའི་ཚུལ་འཛིན་མདོ་མེད་པ།།

མོ་གཤམ་བུ་བཞིན་འབྲས་བུ་ཅི་ཡང་མེད།།

ཙི་ནའི་སྐད་ལ་མུ་ཏོའི་བུ་མོའི་སྤུན།།

ཚུ་རིའི་སྐད་ཀྱང་ར་མ་ལུག་གི་ཟླ།།

རྫེའུ་ཆུང་ཁོག་ལས་དོག་པའི་ཡོན་ཏན་གྱིས།།

ཝོ་བརྒྱལ་མྱོང་བ་ཉུང་ཙམ་ག་ལ་ཡིན།།

ཞི་དུལ་བག་ཡོད་སྤྱོད་པ་ཅུང་མཆིས་ཀྱང་།།

ཟུག་གཟེར་སྙིང་ལ་གཟན་པའི་གཏམ་འཆལ་གྱིས།།

འེ་ཅག་སེམས་ཀྱི་འདུ་བ་རབ་དཀྲུགས་ནས།།

ཡོ་ཀྱོག་བསམ་བློའི་ར་བར་ཚུད་པར་གྱུར།།

རི་ཆུ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་མེད།།

ལུ་གུ་རྒྱུད་བཞིན་རྣམ་གཡེང་རྩེད་འཇོ་ཡིས།།

ཤེས་རབ་སྒྲོན་མེའི་སྣུམ་ཡང་སྟོང་བར་ཟད།།

སོ་ཀའི་ལས་ཀྱིས་སྟོན་ཀའི་འབྲས་བུའོ།།

ཧི་ཧི་གད་མོའི་བར་ནས་གཞན་སྐྱོན་གླེང་།།

ཨུ་ཐུག་ཐབས་ཟད་ཁྲོད་ནས་གཞན་ངོ་ཚོལ།།

ཧེ་བག་ཅུང་ཙམ་བར་ལ་ཆགས་སྡང་བསླངས།།

ཨོ་པ་འབྲས་བུས་དབེན་པའི་རང་བཞིན་ནོ།།