སྒྲོལ་མའི་བརྩེ་བ།

རྩོམ་པ་པོ།   འོ་མ་དཀར་པོ།དུས་ཚོད།   2021-08-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

གངས་དཀར་སེམས་ལ་བརྩེ་བའི་འོ་སྦྲི་འཁྱིལ།།

ཁྲ་ཆུང་མིག་ལ་དུངས་པའི་ཆ་ག་མཛེས།།

ལྷད་མེད་ཁྲེལ་ལ་ཕྱི་ཐག་བྲག་རི་བརྟན།།

ང་ཡི་སྙིང་སྡུག་སྒྲོལ་མ་དམར་ཆུང་སྲོག།

སྐྲ་ཡི་ལན་བུ་གཡུ་དང་བྱུ་རུས་བརྒྱན།།

སྐད་ངག་སྙན་མོ་ཁུ་བྱུག་བུ་མོའི་གྲོགས།།

རབ་དཀར་སོ་ཕྲེང་དུང་དཀར་གཡས་སུ་འཁྱིལ།།

ཡིད་ཀྱི་སྒྲོལ་མ་སེམས་ཀྱི་ལྷ་མོ་ཡིན།།

གཤིས་རྒྱུད་འཇམ་པོར་བལ་དཀར་ཁ་ཆུ་འཛོམས།།

ངང་རྒྱུད་རིང་མོར་རྨ་འབྲི་སྔོན་མོ་འབབ།།

གཞུང་རྒྱུད་དྲང་མོར་ཉག་ཕྲན་མདའ་མོ་འཁོར།།

ང་ཡི་སྙིང་སྡུག་སྒྲོལ་མ་གཞན་ལས་ལྷག།

ཐོག་མར་འཕྲད་དུས་འཛུམ་གྱི་པདྨོ་དགོད།།

བར་དུ་འཛོམས་དུས་སྙིང་གཏམ་འོ་ཞོ་ལྟེམ།།

མཐའ་མར་ཡུན་རིང་མ་ཐུག་འགོར་ཀྱང་རུང་།།

བརྩེ་བའི་སེམས་ལ་བརྟན་ཚུགས་མཚོ་མོ་འཁྱིལ།།

སྐད་ཀྱི་གདངས་ལ་སྙན་པའི་འགྱུར་ཁུགས་འཁྱིལ།།

གཞས་ཀྱི་དོན་ལ་སྒྲུང་གི་རང་བཞིན་གནས།།

ནམ་ཡང་བརྗེད་དུ་མེད་པའི་མཛའ་གཞས་ཤིག།

ང་ཡི་སེམས་ལ་ཁྱེད་ཀྱིས་ལྷོད་ཀྱིས་བཞག།

བསླུ་མེད་སེམས་ལ་གསེར་གྱི་མེ་ལོང་བཏགས།།

གཡོ་མེད་ཚིག་ལ་དངུལ་གྱི་པི་ཝང་ཁུར།།

གསེར་དང་དངུལ་གྱིས་བརྒྱན་པའི་སྒྲོལ་མ་ལགས།།

མཛེས་པའི་དྭངས་རྩེ་མིན་ཞེས་སུ་ཡིས་བརྗོད།།

བདེ་སྐྱིད་འཚོ་བ་སྦྲང་རྩིའི་མངར་ཁ་ཅན།།

སྡུག་བསྔལ་དེའང་བྱེ་མའི་རི་བོ་འཛིན།།

མི་རྟག་འཁོར་བ་རལ་ཀྱང་ཐེད་ན་ཡང་།།

སྙིང་སྡུག་སྒྲོལ་མའི་སྣང་བརྙན་མེ་ལོང་གསལ།།

སྤང་ཐང་སྔོན་མོའི་མེ་ཏོག་གློ་ཁ་དེ།།

བལྟས་ཀྱིན་བལྟས་ཀྱིན་མིག་ལ་ཇེ་ཡག་རེད།།

དྲན་པའི་སྒྲོམ་དུ་བཅུག་པའི་སྒྲོལ་མ་ལགས།།

འགྲོགས་ཀྱིན་འགྲོགས་ཀྱིན་ཡིད་སེམས་ཇེ་མཐུན་རེད།།

སྨུག་པ་ལང་ལོང་འཐིབ་སའི་རྫ་ལུང་ནས།།

དཀར་དམར་མེ་ཏོག་བཞད་སའི་སྤང་ཁུགས་ནས།།

ཡིད་སེམས་འདྲིས་པའི་སྙིང་གི་སྡུག་གུ་མས།།

དགའ་བས་མགུལ་དུ་འཐམ་འཁྱུད་བརྗེད་དུ་མེད།།

རྣམ་དག་བརྩེ་བའི་སྐུ་མཁར་བརྟན་མི་བརྟན།།

མྱི་ཁའི་ཆུ་ལོག་རྒྱུགས་ན་མངོན་ནས་ཡོང་།།

སྙིང་ཐུབ་སྒྲོལ་མ་སྲོག་གི་ཞེ་འདང་ཅན།།

སྐུ་མཁར་མཐོན་པོའི་གསེར་ཏོག་སེར་པོ་ཡིན།།

ཨ་འཇམ་ཚར་ལྭ་གོས་ཆེན་འབྲུག་མའི་བརྒྱན།།

རྒྱ་ཞྭ་ལེབ་མོ་རྨ་སྒྲོ་སྔོན་མོའི་བརྒྱན།།

འདི་གཉིས་འདི་ལྟར་འགྲིག་ཀྱང་མཐུན་ས་ན།།

ཁྱེད་དང་ངེད་གཉིས་མཐུན་ན་ཅིའི་མི་ཆོག།

ཆུ་ལ་འགྲམ་དར་ཆགས་པ་དུས་ཀྱི་འགྲོས།།

འུ་གཉིས་སྣང་བ་མཐུན་པ་སེམས་ཀྱི་གཤིས།།

ཚིག་དང་ཚིག་གི་བར་གྱི་དམ་བཅའ་དེ།།

ལོ་ཟླའི་གྱང་ངོར་བརྐོས་པའི་རི་མོ་ཡིན།།

དམར་པོ་མེ་ལ་འཆོང་བར་ཁྱེད་རང་སྐྲག།

རྨ་ཆུ་སྔོན་མོར་རྐྱལ་བར་ང་ཡང་འཇིགས།།

ཡིན་ཡང་དུངས་སྣང་ཟེར་བའི་རལ་གྲི་འདིས།།

ཁྱེད་དང་ང་ལ་ཞུམ་མེད་སྤོབས་པ་གནང་།།

དཀར་དམར་མེ་ཏོག་བཞད་པར་ཆར་ཆུ་མཁོ།།

ཉི་འོད་འཇམ་པོ་ཞིག་ཀྱང་ལྷག་ཏུ་མཁོ།།

ཁྱེད་དང་ང་ཡི་བར་དུ་ཡིད་ཆེས་མཁོ།།

ཕ་མ་བུ་ཕྲུག་འདྲ་བའི་འདང་ཞིག་མཁོ།།

དམར་ཆུང་སེམས་པ་ཁྱེད་ལ་འཁོར་ཚུལ་འདི།།

ངང་བ་མཚོ་ལ་ཆགས་པའི་ངང་ཚུལ་རེད།།

དྲན་པས་ཡིག་ཚོགས་བསྒུལ་བའི་འཕྲིན་པ་འདི།།

ཁྱེད་ཀྱིས་མཐོང་ཚེ་ང་རང་དྲན་ཀྱང་སྲིད།།

ཡ་ཆུང་སེམས་ཀྱི་དྲན་པ་རི་ཤོར་མ།།

རི་གསུམ་རི་བོའི་རྩེ་ཡི་སྨུག་ལ་འདྲེས།།

སྐྱོ་བ་གླུ་རུ་བླངས་པའི་ལོ་ཟླ་ནི།།

དགུན་གཞུང་ཆུ་ལས་འཁྱགས་པ་སུ་ཡིས་ཚོར།།

ཉིན་དང་མཚན་གྱི་སྙིང་གཏམ་སྣུམ་པོ་གང་།།

བརྩེ་དུང་ཡིན་ལ་དྲན་ཤིང་ཡིན་ཀྱང་སྲིད།།

ཤ་འདྲེས་ཞེ་འདྲེས་བྱུང་བའི་ན་ཆུང་མ།།

དྲན་སྡུག་སྨྲེང་གསུམ་བར་གྱི་ན་ཟུག་ཡིན།།

ཁ་པར་ནང་གི་གླུ་སྐད་གཉོམ་པོ་གང་།།

ཞ་དང་ཞོར་གྱི་ཁ་མཚར་གོ་བདེ་གང་།།

སྐྱ་མོའི་ལམ་གྱི་སྣང་བའི་གཞས་ཆུང་ཡིན།།

སྨྲེང་བའི་ཁ་རླངས་ཕྱི་རུ་འཆོར་ཚུལ་ཡིན།།

བློ་ལྡན་གཞོན་ནུའི་བརྩེ་འདང་རི་མོ་ཅན།།

སྣང་བའི་ཁམས་ན་བཞད་པའི་མེ་ཏོག་ཡིན།།

སྙིང་ཆུང་དམར་པོའི་དཀྱིལ་གྱི་དྲན་པ་ཡིན།།

ཁྲ་ཆུང་མིག་ཟུང་མཐའ་ཡི་མཆི་མ་ཡིན།།

མང་བོ་མི་བཤད་སྡུག་གི་ཁ་བསྣོན་རེད།།

རིང་བོ་མི་འབྲི་སྐྱོ་བའི་གཞི་མ་རེད།།

སེམས་ཀྱི་ནང་འཛིན་ཡིན་པའི་ཁྱོའི་དོན་དུ།།

སྨྱུག་རྩེ་ཤོག་ངོར་བསྒྱུར་ཏེ་མི་ཚེ་ཟད།།

རང་རང་ས་ནས་འཁོར་བའི་དོང་དུ་ལྷུང་།།

ཧ་ཅང་འཕྲད་པར་དཀའ་བའི་གནས་སུ་ཚུད།།

ཡིན་ཡང་འུ་གཉིས་སྔོན་གྱི་བྱུང་བ་དག།

ནམ་ཡང་བརྗེད་ཐབས་མི་འདུག་སྙིང་སྡུག་ལགས།།