སྟོན་ལ་བཀུག་པའི་མགུར།

རྩོམ་པ་པོ།   ཚོར་རྐང་། དུས་ཚོད།   2021-08-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ངའི་སྐྱིལ་ཆུང་པད་མའི་སྒོ་རའི་ནང་།།

ཆར་སིམ་མེ་བ་ཞིག་འཐོར་ཡོང་དུས།།

དེའི་ཡང་སྟེང་ནགས་མའི་བསིལ་ཚལ་ལ།།

རླུང་བསིལ་བ་ཞིག་ཀྱང་ལྡིང་གིན་འོང་།།

ཡང་མ་ཟད་ཨུ་དུམ་བ་རའི་ནང།།

དྲི་ཞིམ་པོས་ལྡིང་སྐོར་ཡང་ཡང་བྱེད།།

ཤོང་ལོ་མར་བབས་པའི་སེར་ཐིག་དག།

སྙིང་སྙི་མོའི་དཀྱིལ་ལ་ལྷུང་བ་བཞིན།།

རིའི་རྡོག་ཁྲེས་ཡིན་པའི་སྤྲིན་ནམ་ཆུ།།

ཁྱོའི་གོས་ཚར་གོང་བའི་དཔེར་བྱས་ན།།

དེར་མཆི་མས་ཁྲུས་ཤིག་བྱེད་དམ་ཅི།།

སྟོན་ཚེས་པའི་སྔངས་པ་རླུང་ཁུར་མས།།

བྱ་ངང་བ་གཉིས་རེ་གཉིས་རེ་ནི།།

ཕྱིར་ལྷོ་ནས་ལྷོ་རུ་བསྐོར་བས་ན།།

ངའི་སྙིང་སྡུག་འོ་མའི་ན་ཆུང་མ།།

དྲན་མི་འོང་ཐབས་ཤིག་གླིང་ན་བྲལ།།

མགོ་བཀྱགས་ནས་ནམ་མཁར་བལྟ་འདོད་ཀྱི།།

སེམས་གཏིང་ལ་མཆི་མ་ལྷུང་ཡོང་དུས།།

མ་ཡུགས་མོ་སྟོང་གི་མྱ་ངན་ལས།།

ཁྱེད་དྲན་པའི་གདུང་བ་ལྕི་མོད་ཀྱང་།།

སྤྱིར་ལས་ཀྱི་ཡུ་མོ་གཉོམ་ཆུང་དེར།།

སྡུག་ཕྲན་ཙམ་འཇོག་འདང་ཞེ་ན་མེད།།

དེ་ཡིན་ཡང་འོ་སྐོལ་ཕལ་བའི་མིར།།

སླར་འཛོམས་པའི་སྐལ་བ་ཕྲ་བས་ན།།

གློ་འདྲ་བ་མཆིན་པ་འདྲ་བ་ཁྱོས།།

ཞེ་སྐྱོ་བས་ཐུགས་ཁྲལ་མ་གནང་ཞུ།།

སེམས་སྟོན་གྱིས་གསིལ་ཐེངས་ལན་གཅིག་ཏུ།།

ངུ་སྐྱེན་པའི་དོན་ཞིག་མི་བདོག་ཀྱང་།།

སྐྲ་ནགས་མའི་སྟེང་གི་སྤྲིན་པ་དག།

ཤད་མི་ཐུབ་ཤད་ཀྱང་མི་ཕོད་ལགས།།

རྩོམ་སྒྲིག་པ།  ཚེ་པེ།