རིམས་འགོག་སྨན་ཁབ་རྒྱག་པའི་སྐོར་སྐྱོད་རུ་ཁག་གྲོང་སྡེར་བསྐྱོད།

རྩོམ་པ་པོ།   དུས་ཚོད།   2021-07-26   རྩོམ་ཁུངས།    མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས།


        རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  མཛོད་དགེ་རྫོང་གིས་རྫོང་ཡོངས་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཚད་ཆེ་རུ་བཏང་ནས། མི་ཚོགས་ཀྱི་རིམས་འགོག་སྲུང་རྒྱ་བཟོས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་དང་བདེ་འཇགས་འགན་ལེན་བྱ་ཆེད།  ཉེ་ཆར། མཛོད་དགེ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་ཡུལ་ཚོའི་འཕྲོད་བསྟེན་ཁང་དང་མཉམ་དུ། ཏོག་གསར་གློ་ཚད་འགོག་ཁབ་རྒྱག་པའི་སྐོར་སྐྱོད་རུ་ཁག་སྒྲིག་འཛུགས་བྱས་ཏེ།  རྐྱང་ཚ་ཡུལ་ཚོར་བསྐྱོད་ནས་མང་ཚོགས་ལ་རིམས་འགོག་སྨན་ཁབ་བརྒྱབ།

       དབྱར་དུས་སུ་རྩྭ་ཐང་ནི་མཚོ་ལྟར་སྔོན་ཞིང་སྔོན་ལྗང་གི་རླབས་ཕྲེང་རླུང་ལྟར་གཡོ། ལྷག་དུ་མེ་ཏོག་སྣ་བརྒྱ་བཞད་ཅིང་ཚོན་མདངས་རྣམ་པར་བཀྲ། སྐབས་དེ་དུས་ཀྱང་རོང་འབྲོག་མང་ཚོགས་ཀྱིས་རྩྭ་ཐང་དུ་དམངས་སྲོལ་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། ཤིན་ཏུ་སྐྱིད་པའི་དུས་ཀྱང་ཡིན། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཁྱོན་ཡོངས་ལ་ཁྱབ་པར་འགན་ལེན་བྱེད་ཆེད།  རིམས་འགོག་སྨན་ཁབ་རྒྱག་པའི་སྐོར་སྐྱོད་རུ་ཁག་སྔ་རྗེས་སུ་རྐྱང་ཚ་ཡུལ་ཚོའི་ར་རོང་སྡེ་བ་དང་། དགོས་ཕྱོགས་ཁ་སྡེ་བ་སོགས་སུ་བསྐྱོད་ནས་མང་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་འདེགས་ཞུས།

       འགོག་ཁབ་རྒྱག་པའི་ཡུལ་དངོས་སུ་སྨན་དོན་མི་སྣས་རིམས་འགོག་སྨན་ཁབ་རྒྱག་པའི་གལ་ཆེན་རང་བཞིན་དང་དོ་སྣང་བྱེད་དགོས་པའི་དོན་གནད་གསལ་བཤད་བྱས་ཏེ། ཚང་མས་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ནས་སྔོན་བཤེར་ཡན་ལག་སྨན་བཅོས་དང་། ཆ་འཕྲིན་ཕབ་འཇུག་སོགས་ཀྱི་བརྒྱུད་རིམ་ལྟར་རིམ་པ་བཞིན་སྨན་ཁབ་བརྒྱབ།

        རིམས་འགོག་སྨན་ཁབ་རྒྱག་ཏུ་ཡོང་མཁན་མང་ཚོགས་ཀྱིས་གསར་འགོད་པར་བཤད་རྒྱུར། རིམས་འགོག་སྨན་ཁབ་རྒྱག་པའི་སྐོར་སྐྱོད་རུ་ཁག་སྒོ་ཁར་ཡོང་ནས་སྨན་ཁབ་རྒྱག་པའི་ཞབས་འདེགས་བྱས་ཏེ། དེ་ནི་གྲོང་མི་ཚོ་རྫོང་ཐོག་ཏུ་འགྲོ་བའི་འགྲོ་སྒོ་གྲོན་ཆུང་ཐུབ་པར་མ་ཟད། ད་དུང་ཞིང་ལས་ལ་འཐུས་ཤོར་མི་འགྲོ་བར་ཕན་འབྲས་གང་ལེགས་བསྐྲུན་པས། རིམས་འགོག་སྨན་ཁབ་རྒྱག་མཁན་སྐོར་སྐྱོད་རུ་ཁག་ལ་སེམས་སྟེང་ནས་ཐུགས་རྗེ་ཆེ་ཞུ།

        རྒྱུས་ལོན་པ་ལྟར་ན། ད་ཐེངས་རིམས་འགོག་སྨན་ཁབ་རྒྱག་པའི་སྐོར་སྐྱོད་རུ་ཁག་གིས་རྐྱང་ཚ་ཡུལ་ཚོར་ཁྱོན་མི་177ལ་རིམས་འགོག་སྨན་ཁབ་བརྒྱབ། དེ་ལས་སྨན་ཁབ་དང་བོ་བརྒྱབ་ཟིན་པའི་མི་150དང་། སྨན་ཁབ་གཉིས་པ་བརྒྱབ་ཟིན་པའི་མི་27ཡོད། རྗེས་སུ་རིམས་འགོག་སྨན་ཁབ་རྒྱག་པའི་སྐོར་སྐྱོད་རུ་ཁག་གིས་ད་དུང་མུ་མཐུད་དུ་སྐོར་སྐྱོད་རྣམ་པའི་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་ནས། མི་དམངས་མང་ཚོགས་ཀྱི་སྨན་ཁབ་རྒྱག་པའི་དགོས་མཁོ་བསྐངས་ཏེ། རྫོང་ཡོངས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་ངེས།

རྩོམ་སྒྲིག་པ།  ཚེ་པེ།