རིམས་འགོག་སྨན་ཁབ་རྒྱག་པའི་སྐོར་སྐྱོད་རུ་ཁག་གྲོང་སྡེར་བསྐྱོད།

རྩོམ་པ་པོ།   དུས་ཚོད།   2021-07-26   རྩོམ་ཁུངས།   

རྫོང་ཡོངས་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཚད་ཆེ་རུ་བཏང་ནས། མི་ཚོགས་ཀྱི་རིམས་འགོག་སྲུང་རྒྱ་བཟོས་ཏེ།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་དང་བདེ་འཇགས་འགན་ལེན་བྱ་ཆེད།ཉེ་ཆར་མཛོད་དགེ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་ཡུལ་ཚོའི་འཕྲོད་བསྟེན་ཁང་དང་མཉམ་དུ། པྲོག་གསར་འགོག་ཁབ་རྒྱག་པའི་སྐོར་སྐྱོད་རུ་ཁག་དང་པོ་སྒྲིག་འཛུགས་བྱས་ཏེ། རྐྱང་ཚ་ཡུལ་ཚོའི་སྡེ་བ་སོ་སོར་བསྐྱོད་ནས་མང་ཚོགས་ལ་སྒོ་ཁར་རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་འདེགས་ཞུས།


དབྱར་དུས་སུ་རྩྭ་ཐང་ནི་མཚོ་ལྟར་སྔོན་ཞིང་སྔོན་ལྗང་གི་རླབས་ཕྲེང་རླུང་ལྟར་གཡོ། ལྷག་དུ་མེ་ཏོག་སྣ་བརྒྱ་བཞད་ཅིང་ཚོན་མདངས་རྣམ་པར་བཀྲ།སྐབས་དེ་དུས་ཀྱང་རོང་འབྲོག་མང་ཚོགས་ཀྱིས་རྩྭ་ཐང་དུ་དམངས་སྲོལ་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། ཤིན་ཏུ་སྐྱིད་པའི་དུས་ཀྱང་ཡིན། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཁྱོན་ཡོངས་ལ་ཁྱབ་པར་འགན་ལེན་བྱེད་ཆེད།རིམས་འགོག་སྨན་ཁབ་རྒྱག་པའི་སྐོར་སྐྱོད་རུ་ཁག་སྔ་རྗེས་སུ་རྐྱང་ཚ་ཡུལ་ཚོའི་ར་རོང་སྡེ་བ་དང་། དགོས་ཕྱོགས་ཁ་སྡེ་བ་སོགས་སུ་བསྐྱོད་ནས་རང་འགུལ་ངང་། གྲོང་ཚོའི་མང་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་འདེགས་ཞུས།

འགོག་ཁབ་རྒྱག་པའི་ཡུལ་དངོས་སུ་སྨན་དོན་མི་སྣས་ངོ་དང་ངོ་ཐུག་སྟེ རིམས་འགོག་སྨན་ཁབ་རྒྱག་པའི་གལ་ཆེན་རང་བཞིན་དང་དོ་སྣང་བྱེད་དགོས་པའི་དོན་གནད་གསལ་བཤད་བྱས་ཏེ། ཚང་མས་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ནས་སྔོན་བཤེར་ཡན་ལག་སྨན་བཅོས་དང་།ཆ་འཕྲིན་ཕབ་འཇུག་སོགས་ཀྱི་བརྒྱུད་རིམ་ལྟར་རིམ་པ་བཞིན་སྨན་ཁབ་རྒྱག་བཞིན་ཡོད།

 མཛོད་དགེ་རྫོང་རྐྱང་ཚ་ཡུལ་ཚོའི་འཕྲོད་བསྟེན་ཁང་གི་ཡོན་ཀྲང་། དཔལ་ལྡན།

རོང་འབྲོག་མང་ཚོགས་ཚོར་རིམས་འགོག་སྨན་ཁབ་རྒྱག་པར་སྟབས་བདེ་བསྐྲུན་ཆེད།ཏང་ཨུ་དང་སྲིད་གཞུང་གི་རྩ་འཛུགས་དང་སྨན་ཁབ་རྒྱག་མཁན་གྱི་ཁོངས་མིའི་གཞོགས་འདེགས་འོག སྨན་བཅོས་འགན་ལེན་གནད་ལ་འཁེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཡང་དག་བྱས་ཏེ། ཆེད་མངག་ཁོངས་གཏོགས་ཁུལ་དུ་སྐོར་སྐྱོད་སྨན་ཁབ་བརྒྱབ་ནས་མང་ཚོགས་ལ་ཞབས་འདེགས་གང་ལེགས་ཞུས་པ་ཡིན།

རིམས་འགོག་སྨན་ཁབ་རྒྱག་ཏུ་ཡོང་མཁན་མང་ཚོགས་ཀྱིས་གསར་འགོད་པར་བཤད་རྒྱུར། རིམས་འགོག་སྨན་ཁབ་རྒྱག་པའི་སྐོར་སྐྱོད་རུ་ཁག་སྒོ་ཁར་ཡོང་ནས་སྨན་ཁབ་རྒྱག་པའི་ཞབས་འདེགས་གནང་བ། དེ་ནི་གྲོང་མི་ཚོ་རྫོང་ཐོག་ཏུ་འགྲོ་བའི་འགྲོ་སྒོ་གྲོན་ཆུང་ཐུབ་པར་མ་ཟད།ད་དུང་ཞིང་ལས་ལ་འཐུས་ཤོར་མི་འགྲོ་བར་ཕན་འབྲས་གང་ལེགས་བསྐྲུན་པས། རིམས་འགོག་སྨན་ཁབ་རྒྱག་མཁན་སྐོར་སྐྱོད་རུ་ཁག་ལ་སེམས་སྟེང་ནས་ཐུགས་རྗེ་ཆེ་ཞུ།

རྒྱུས་ལོན་པ་ལྟར་ན། ད་ཐེངས་རིམས་འགོག་སྨན་ཁབ་རྒྱག་པའི་སྐོར་སྐྱོད་རུ་ཁག་གིས་རྐྱང་ཚ་ཡུལ་ཚོར་ཁྱོན་མི༡༧༧ལ་རིམས་འགོག་སྨན་ཁབ་བརྒྱབ། དེ་ལས་སྨན་ཁབ་དང་པོ་བརྒྱབ་ཟིན་པའི་མི༡༥༠དང་།སྨན་ཁབ་གཉིས་པ་བརྒྱབ་ཟིན་པའི་མི༢༧ཡོད། གོམ་སྟབས་རྗེས་མར་རིམས་འགོག་སྨན་ཁབ་རྒྱག་པའི་སྐོར་སྐྱོད་རུ་ཁག་གིས་ད་དུང་མུ་མཐུད་དུ་སྐོར་སྐྱོད་རྣམ་པའི་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་བ་བརྒྱུད། མི་དམངས་མང་ཚོགས་ཀྱི་སྨན་ཁབ་རྒྱག་པའི་དགོས་མཁོ་བསྐངས་ཏེ། རྫོང་ཡོངས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་བཏང་ནས་ཕན་འབྲས་ཆེ་རུ་བཏང་སྟེ། རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་ངེས།