ནས་ཀྱི་བཤད་པ།

རྩོམ་པ་པོ།   དུས་ཚོད།   2021-07-22   རྩོམ་ཁུངས།   

ཨོཾ་བདེ་ལེགས་སུ་གྱུར་ཅིག


ནས་འབྲུ་དྲུག་གཏན་ནས་མི་དར་དུས།།
བོད་གངས་ཅན་ས་ཡི་དཀྱིལ་འཁོར་ན།།
རི་གླང་ཆེན་འདྲ་བའི་ཏ་ཁུག་ན།།
བྲག་སེང་གེ་འདྲ་བའི་ཐོང་བར་ན།།
ནས་ཀྱི་སྒམ་པུ་གཏེར་ན་ཡོད།།
 
ཤར་རི་བོ་ཏཱ་ལའི་ཞིང་ཁམས་ན།།
ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་བཞུགས།།
གདམས་ངག་ཟབ་མོའི་ནུས་མཐུ་ཡིས།།
ཕྱག་མཛུབ་གཅིག་གིས་ཕྱེས་པ་རེད།།
ནས་ཟེར་བ་ལག་ལ་རྙེད་བྱུང་ཐལ།།
ནས་མི་ཆེ་མི་ཆུང་ངང་བ་ཙམ།།
འཕགས་མཆོག་སྤྱན་རས་གཟིགས་དབང་གིས།།
ཕྱག་གྲི་བླངས་ཏེ་ནས་ལ་བརྒྱབ།།
ཕྱག་གཡོན་པས་མ་བརྒྱབ་གཡས་པས་བརྒྱབ།།
གྲིའི་ལྟག་པས་མ་བརྒྱབ་ཁ་ཡིས་བརྒྱབ།།
ཤེས་རབ་རལ་གྲིས་དཀྱིལ་ནས་བརྒྱབ།།
དཀྱིལ་ནས་བརྒྱབ་སྟེ་ཤགས་སེ་བཞག།།
གདོང་ནས་བརྒྱབ་སྟེ་དུམ་གསིལ་བྱས།།
མཐའ་ནས་བརྒྱབ་སྟེ་དྲུག་གཏུབ་བྱས།།
ནས་འབྲུ་དྲུག་ཐོགས་དོན་དེ་ཡིས་རེད།།
 
ནས་བཏབ་པ་རོང་སའི་ཞིང་ལ་བཏབ།།
རོང་སའི་ཞིང་ས་གཤིན་པོ་རེད།།
རོང་བ་ལག་ལས་དཔྱོད་ཅན་རེད།།
རྨོ་བ་མཛོ་གླང་དོར་སྡེབས་རེད།།
བོད་མགོ་ནག་སྐུ་བསོད་ཆེ་བ་ཡིས།།
ནས་འབྲུ་དྲུག་ས་བོན་བཏབས་པ་རེད།།
 
གསེར་སེར་བོའི་ཉི་མ་ཤར་ནས་ཤར།།
ཤར་ཉི་ཟེར་གངས་རིའི་རྩེ་ལ་བརྒྱབ།།
སྟོད་གངས་རིའི་རྩེ་ལ་མ་བརྒྱབ་ན།།
གངས་དཀར་ཁ་བ་མི་ཞུ་འི།།
གངས་དཀར་ཁ་བ་མ་ཞུ་ན།།
ལ་ཆུ་ལུང་ཆུ་མི་འཕེལ་གི།
ལ་ཆུ་ལུང་ཆུ་མ་འཕེལ་ན།།
ཤིང་ཙན་དན་རྩ་བ་མི་རྒྱས་ཀི།
ཤིང་ཙན་དན་རྩ་བ་མ་རྒྱས་ན།།
བྱ་ཁུ་ལོ་སྡོང་མགོར་མི་འབབ་ཀི།
བྱ་ཁུ་ལོ་སྡོང་མགོར་མ་བབ་ན།།
རྒྱ་ནག་གླང་ཆེན་མི་སད་ཀི།
རྒྱ་ནག་གླང་ཆེན་མ་སད་ན།།
འབྲི་ཐུལ་མ་བེའུ་ལ་མི་འགྲོ་ཀི།
འབྲི་ཐུལ་མ་བེའུ་ལ་མ་སོང་ན།།
རྨོ་མཛོ་གྭ་བ་མི་འཁྲུངས་ཀི།
རྨོ་མཛོ་གྭ་བ་མ་འཁྲུངས་ན།།
ཤིང་སྟག་པའི་གཉའ་ཤིང་འཇོག་ས་མེད།།
གསོམ་པའི་གཤོལ་མདའ་འདྲུད་མཁན་མེད།།
ཤིང་གསོམ་པའི་གཤོལ་མདའ་མ་དྲུད་ན།།
ཞིང་ས་གཤིན་པོར་སློག་མཁན་མེད།།
ཞིང་ས་གཤིན་པོར་མ་བསློག་ན།།
ནས་འབྲུ་དྲུག་ས་བོན་འདེབས་ས་མེད།།
ནས་འབྲུ་དྲུག་ས་བོན་མ་བཏབ་ན།།
བོད་མགོ་ནག་ཁ་ཟས་གང་གིས་བྱེད།།
བོད་མགོ་ནག་བསོད་ནམས་ཆེ་བ་ཡིས།།
ནས་དང་མི་དང་ས་དང་བཅས།།
མཛོ་དང་གཤོལ་དང་ཐབས་སོགས་རྙེད།།
 
ས་རྨོས་ས་རྨོས་ཟེར་དུས་ན།།
ལྕགས་ཀྱི་ཞྭ་མོ་ཡར་ལ་བསྐོན།།
གསེར་གྱི་མཛུབ་ཐུར་གྱེན་ལ་བཞག།
དངུལ་གྱི་གཉའ་ཤིང་འཕྲེད་ལ་བཞག།
རྨོ་མཛོ་གྭ་བར་གཉའ་ཤིང་བཞག།
ཤིང་གསོམ་པའི་གཤོལ་མདའ་འདི་ལྟར་དྲུད།།
སྲིང་ཆུང་གཅེས་ལོས་སྔོན་ནས་ཁྲིད།།
ནས་འབྲུ་དྲུག་བཏབ་ན་ཨེ་སྐྱེས་བསམ།།
མིང་བོ་དགའ་བོས་རྗེས་སུ་རྨོས།།
འབྲུ་མཛོད་ནས་ཀྱིས་བཀང་དགོས་བསམ།།
 
དྲིན་ཆེན་མ་ལོས་ས་བོན་བཏབ།།
བོད་མགོ་ནག་ཁ་ཟས་རྙེད་བྱུང་བསམ།།
 
ནས་ཐོབས་ནས་ཐོབས་ཟེར་དུས་ན།།
རྗེ་བླ་མས་ཕྱག་ནས་གཏོར་གཏོར་བྱས།།
ཁྱེའུ་སོ་ས་ནས་འབུད་དུས་ན།།
ལོ་ངན་མཐའ་ནས་ཟད་ཀི་བསམ།།
ཁྱེའུ་སོ་སྒང་ནས་འབུད་དུས་ན།།
ལོ་ཡག་དགུང་ལ་འཕྱུར་གི་བསམ།།
ཁྱེའུ་སོ་ཁྱེའུ་སོ་ཟེར་དུས་ན།།
ཁྱེའུ་སོ་སེའུ་འབུད་འབུད་བྱས།།
ཚིགས་ཀ་ཚིགས་ཀ་ཟེར་དུས་ན།།
སྨྱུག་ཚིགས་མདའ་མོ་སྒྲོན་སྒྲོན་བྱས།།
མདོངས་རིལ་མདོངས་རིལ་ཟེར་དུས་ན།།
བུ་དཔའ་བོས་མདུང་རྩེ་གཤིབ་གཤིབ་བྱས།།
ཡུར་ཆུང་ཡུར་མ་ཡུར་དུས་ན།།
འབྲོང་བྲེ་ལོས་རྭ་རྩེད་བྱེད་བྱེད་བྱས།།
ཡུར་ཆེན་ཡུར་མ་ཡུར་དུས་ན།།
མ་རུལ་མས་རྙོག་རྫུབ་བསྐྱི་བསྐྱི་བྱས།།
སྙེ་མ་སྙེ་མ་ཟེར་དུས་ན།།
རྗེ་བླ་མས་གསེར་ཞྭ་མནབས་མནབས་བྱས།།
ནས་ཕྲོགས་ནས་ཕྲོགས་ཟེར་དུས་ན།།
དགྲ་ནག་པོའི་སྒྱིད་པ་འབྲེག་འབྲེག་བྱས།།
ཤོག་སྡོམས་ཤོག་སྡོམས་ཟེར་དུས་ན།།
སྐྱེས་ཕོ་རབ་སྐེ་རགས་སྡོམ་སྡོམ་བྱས།།
ཤོག་ཁུར་ཤོག་ཁུར་ཟེར་དུས་ན།།
གྲོག་མས་ཟས་འབྲུ་སྐྱེལ་སྐྱེལ་བྱས།།
ཤོག་འཕོངས་ཤོག་འཕོངས་ཟེར་དུས་ན།།
བྱ་རྒོད་པོ་ཚང་ལ་འབབ་འབབ་བྱས།།
ཤོག་རྩིགས་ཤོག་རྩིགས་ཟེར་དུས་ན།།
རྗེ་བླ་མས་པོ་ཏི་རྩིག་རྩིག་བྱས།།
ཤོག་ཕོག་ཤོག་ཕོག་ཟེར་དུས་ན།།
ཕོ་ཆད་ཁྲམ་ལ་མཆོངས་མཆོངས་བྱས།།
ཤོག་བཤིག་ཤོག་བཤིག་ཟེར་དུས་ན།།
མ་རུལ་མས་སྐེ་རགས་བཤིག་བཤིག་བྱས།།
ཤོག་ཐོངས་ཤོག་ཐོངས་ཟེར་དུས་ན།།
མ་བུ་མོས་ཐང་མ་འདིང་འདིང་བྱས།།
ནས་རྡུངས་ནས་རྡུངས་ཟེར་དུས་ན།།
བུ་དཔའ་བོས་མདུང་རྩེད་བྱེད་བྱེད་བྱས།།
ནས་ཕྱོར་ནས་ཕྱོར་ཟེར་དུས་ན།།
མ་སྲུ་མོས་ཐང་མ་འཕྱར་འཕྱར་བྱས།།
ནས་སྡུས་ནས་སྡུས་ཟེར་དུས་ན།།
མ་སྲུ་མོས་ཐང་མ་སྡུད་སྡུད་བྱས།།
ནས་སྐོམས་ནས་སྐོམས་ཟེར་དུས་ན།།
མ་སྲུ་མོས་ཐང་མ་བསྐམ་བསྐམ་བྱས།།
ནས་རྔོས་ནས་རྔོས་ཟེར་དུས་ན།།
གཡང་དཀར་ལུག་ཁྱུ་སྐོར་སྐོར་བྱས།།
ནས་འཐོགས་ནས་འཐོགས་ཟེར་དུས་ན།།
གངས་དཀར་ཁ་བ་འབབ་འབབ་བྱས།།
བོད་མགོ་ནག་སྐུ་བསོད་ཆེ་བ་ཡིས།།
ནས་འབྲུ་དྲུག་ཟེར་བ་དེ་ལྟར་བྱུང་།།

རྩོམ་སྒྲིག་པ།  ཚེ་པེ།