རྨི་ལམ་ནང་གི་འཁྲབ་གཞུང་།

རྩོམ་པ་པོ།   ཛམ་གཟུ་མིག དུས་ཚོད།   2021-07-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

འདས་པའི་ལོ་ཟླ་ཤིན་ཏུ་མགྱོགས་པས་འུ་ཅག་ཞོགས་པའི་ན་བུན་ཉིད།།

སྐད་ཅིག་མི་གཡོ་མ་ཡིན་དབྱར་གྱི་མེ་ཏོག་ཡིན་པའི་སྣང་བ་ཞིག།

དྲན་པའི་བུང་བ་སྙན་པར་འཁོར་བས་བདག་གི་སེམས་ནས་བླ་གཡུ་བོར།།

ཉེ་བ་མ་ཡིན་རྒྱང་རིང་ཞིག་ནས་རྨི་ལམ་འཁྲིས་སུ་ཁྱོད་རང་བྱོན།།

མིང་ཡིག་མེད་པའི་ཁུ་སིམ་དཀྱིལ་ན་ང་རང་ཞེས་པའི་ལད་ཟློས་ཤིག།

ཉི་ཟླའི་སྦུབས་སུ་སྤྱན་ཟུང་འཁོར་ཡང་སྨྲ་ལྕེ་དབེན་པའི་ལྐུགས་པ་ཁྱོད།།

རྒྱ་རྫོང་ནགས་ཀྱི་སྟག་མོ་ཡིན་ཡང་ད་ལྟ་ཞི་བའི་པདྨ་ཉིད།།

ཡིད་སེམས་ཤོར་ཡང་བརྩེ་བའི་མ་ཟིན་བསླུ་བྲིད་གཞལ་མེད་ཁང་བཟང་ཡིན།།

མི་རྟག་སྒྱུ་མའི་རང་གཤིས་གཟུགས་བརྙན་མེ་ལོང་ནང་གི་པིར་ལ་བྲིས།།

ཡིན་ཡང་འཁོར་བའི་རྩིབས་ནི་སྟེང་འོག་བར་དུ་མི་རྒྱུ་མ་ཡིན་ཆོས་ཉིད་དེར།།

རེ་བའི་འཁྲིས་སུ་རྨི་ལམ་གསོན་པོའི་ཡང་སྙིང་འཚོལ་བའི་གཅན་གཟན་དག།

རིགས་དང་རུས་པས་སྙིང་ལ་བརྡུངས་པས་གར་གྱི་སྟང་སྟབས་འཁྲབ་དགོས་སྙམ།།

ཡུགས་མོ་དག་གི་མལ་གདན་ཁུག་གི་མིག་ཆུའི་མཚོ་མོ་སྐམ་མྱོང་མེད།།

སྲོད་ཀྱི་འཁོར་ལོ་མི་ལོ་བརྒྱ་ལ་འཁོར་མཚམས་བཞག་པས་འོད་སྣང་དབེན།།

ཐོ་རེངས་སྒུག་པ་ཉེ་བ་མ་ཡིན་དུར་ས་དག་ཀྱང་བརྗེད་མཚམས་སུ།།

ཡིད་འཕྲོད་སྒེར་མོས་འདོད་པ་སློང་བས་རེ་བའི་རྨི་ལམ་མཇུག་མ་བསྡུས།།

འདོད་པའི་ཆོ་འཕྲུལ་སྙིང་ལ་གཟན་པ་པོ་ཏ་ལ་ཡི་བརྩེགས་རིམ་བཞིན།།

འཁྱུད་པར་འདོད་པའི་མཛའ་མོའི་ངང་ཚུལ་ད་ལྟ་འཇའ་ཡི་གཟུགས་བྱས་ཀྱང་།།

ན་ཆུང་སྐྱེ་བོའི་བརྩེ་སེམས་བཙན་པོས་ཁྲི་ཤོར་རྒྱལ་མོའི་གཏིང་རིམ་སྙེག།

མ་འོངས་གོམ་ཁ་ཡར་ལུང་གཙང་བོས་བཞུར་རྒྱུན་ཡང་ལ་ཞེན་པས་ཟིན།།

རྩོམ་སྒྲིག་པ། གཡུ་འཛོམས།