ཆང་ནི་ཅི་ཞིག་ཡིན།

རྩོམ་པ་པོ།   འདམ་ཤོད་ཚེ་རིང་བསམ་འགྲུབ། དུས་ཚོད།   2021-07-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཆང་ནི་ཆང་སྟེ་མྱོས་བྱེད་དང་ཞགས་པ་ཡིན། ཆང་ལ་དབྱེ་ན་རྒུན་ཆང་དང་ནས་ཆང་། གྲོ་ཆང་སོགས་ཡོད། རྒུན་ཆང་གིས་ཁྱོད་ལ་དགའ་པོའི་གླུ་གཞས་གཏོང་བའི་སྐད་ཤེད་བྱས་ཡོད། ནས་ཆང་གིས་ཁྱེད་ལ་སྐྱིད་པོའི་ཞབས་བྲོ་རྒྱག་པའི་རྡིག་སྒྲ་བྱས་ཡོད། གྲོ་ཆང་གིས་ཁྱེད་དམར་པོའི་རལ་ཁ་འཐབ་པའི་སྒོ་མོ་བྱས་ཡོད། གང་དུ་ཆང་གི་དྲི་ངད་ཡོད་ན་དེ་རུ་སྐྱག་རྫུན་རླུང་ལས་ཚ་བ་ཡོད། གང་དུ་ཆང་གི་རོ་བྲོས་ཁྱབ་ན་དེ་རུ་སྐྱག་རོ་ཆུ་ལས་སླ་བ་ཡོད། ཆང་གིས་བཟི་བའི་མི་ལ་བཏང་བཏང་འཇོན་འཇོན་མེད། ཆང་གིས་མྱོས་པའི་མི་ལ་མི་བདེན་རྫུན་སྒྲིག་མང་།

            ཆང་ནི་ནག་ཉེས་ཤིག་ཡིན། ཆང་གིས་དགེ་འདུན་རྣམས་ལ་སྐོམ་ཚད་བསླངས་ཡོད། ཆང་གིས་བློ་ཤེད་བསྐྱེད་པའི་ཆག་སྒོ་རུམ་ཡོད། ཆང་གིས་ཉོན་མོངས་རྩ་བ་རུ་བཟུང་ཡོད། ཆང་གིས་ཉེས་ལྟུང་གཏིང་བརྗེད་དུ་བཏང་ཡོད། ཆང་གིས་རོ་མངར་མདོག་མཛེས་ཀྱི་འཁྲུལ་བ་བསྟན་ཡོད། ཆང་གིས་དྲན་ཤེས་བག་ཡོད་ཀྱི་སེམས་རྩ་དོར་ཡོད། ཆང་གིས་གནས་མོར་སྤྲ་ལག་སྤྲེའུ་བཞིན་དུ་འཁྲབ་ཡོད། ཆང་གིས་སྒྱུ་མའི་རྟོག་པ་མི་རུང་བ་སྣ་ཚོགས་རྙེད་ཡོད། ཆང་གིས་ཚེ་འདིའི་འདུན་མ་བཏང་ཡོད། ཆང་གིས་ཕྱི་མའི་ལམ་རྒྱགས་ཟོས་ཡོད།

           ཆང་ནི་དུག་རླངས་ཤིག་ཡིན། ཆང་གིས་མཇུག་མ་འཁྱོལ་བའི་གླུ་བླངས་ཡོད། ཆང་གིས་གྲ་མི་འགྲིག་པའི་བྲོ་འཁྲབ་ཡོད། ཆང་གིས་ལག་ངར་བསྒྲེངས་པའི་གྲི་མགོ་བསྣན་ཡོད། ཆང་གིས་ཐོན་གསུམ་ལབ་པའི་བྱབ་སྐྱེལ་བསྒྲུབས་ཡོད། ཆང་གིས་དཔོན་གཡོག་རྣམ་དཔྱོད་དང་ལྡན་པ་དག་སྨྱོན་པ་ཁྱུ་ཞིག་ཏུ་བསྒྱུར་ཡོད།

          ཆང་ནི་བསླུ་བྲིད་ཅིག་ཡིན། ཆང་གིས་བན་རལ་དག་ལ་ར་སྐད་ལུག་སྐད་ལྟོགས་སྐད་འདོན་དུ་བཅུག་ཡོད། ཆང་གིས་ཁ་མིག་དབང་པོའི་རྣམ་འགྱུར་མངོན་མཚན་དུ་བཏང་ཡོད། ཆང་གིས་རྔ་དང་རོལ་མོ་བརླགས་ཡོད། ཆང་གིས་དྲིལ་བུ་དང་དྲ་རུ་བོར་ཡོད། ཆང་གིས་རྔ་དབྲལ་རོལ་ཆ་བཞག་ཡོད། ཆང་གིས་རྔ་དྲིལ་རྡོག་རྒྱག་འཕེན་ཡོད། རྐང་གླིང་བསྐྱུར་ཡོད། འཛིང་རེས་བཏང་ཡོད།

          ཆང་ནི་གྲིབ་ནད་ཅིག་ཡིན། ཆང་གིས་མགོ་ཀྱོག་ཀྱོག་ཏུ་བཟོས་ཡོད། ཆང་གིས་དཔུང་པ་རོང་རོང་དུ་བཅོས་ཡོད། ཆང་གིས་ལྕེ་རྩ་ནར་ནར་དུ་འཐེན་ཡོད། ཆང་གིས་རལ་ལྕོག་གི་མདུད་པ་བཤིགས་ཡོད། ཆང་གིས་འོག་རླུང་དང་སྐྱུག་པའི་མངོན་བློ་ཕྱར་ཡོད། ཆང་གིས་མདུན་གོམ་པ་གང་སྤོ་བ་ལ་འཕྲེད་དུ་གོམ་པ་གསུམ་འཁྱོར་དགོས་པ་བྱུང་ཡོད།

          ཆང་ནི་ཁྲེལ་མེད་ཅིག་ཡིན། ཆང་གིས་ལབ་མི་དགོས་པ་ལབ་ཡོད། ཆང་གིས་འགྲོ་མི་དགོས་སར་སོང་ཡོད། ཆང་གིས་རང་གི་བདག་པོ་བཞག་ཡོད། ཆང་གིས་གཞན་ལ་བཟའ་ཡ་བརྒྱབ་ཡོད། ཆང་གིས་ཁྱོ་བོ་ལ་འཛིང་རེས་དང་ངུ་ཤར་བྱས་ཡོད། ཆང་གིས་དགའ་ཚོད་མེད་པའི་སྨྱོ་སྤྱོད་སྣ་ཚོགས་སྤེལ་ཡོད། ཚང་གིས་འགོལ་སར་འོ་བྱས་ཡོད། འདོད་པ་སྟེར་ཡོད།

          མདོར་ན། ཆང་གིས་རིག་པ་འཛིན་པའི་དམ་ཚིག་བསྙམས་ཡོད། ཆང་གིས་བྱང་ཆུབ་སེམས་དཔའི་བསླབ་པ་འཕངས་ཡོད། ཆང་གིས་སོ་སོ་ཐར་པའི་སྡོམ་པ་གཡུགས་ཡོད། ཆང་གིས་འཇིག་རྟེན་འཚོ་བའི་ཡུལ་ཁྲིམས་བསྟོར་ཡོད། ཆང་གིས་དཔོན་གཡོག་བར་གྱི་སྒྲིག་ལམ་བཤིགས་ཡོད། ཆང་གིས་ཕ་མ་བུ་ཕྲུག་གི་བརྩེ་དུང་ལ་གས་ཁ་བཏང་ཡོད། ཆང་གིས་བཟའ་མི་ཉེ་འབྲེལ་གྱི་མཛའ་བ་ལ་ཉམ་ཆག་བཟོས་ཡོད།

རྩོམ་སྒྲིག་པ།  གཡུ་འཛོམས།