ལེཊ་བཙའ་ལེཊ་གསོའི་སྲིད་ཇུས་སྐོར་གྱི་གཏན་འབེབས་འདི་བཏོན་འདུག

རྩོམ་པ་པོ།   དུས་ཚོད།   2021-07-22   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

            ཉིན་ཤས་གོང་༼  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུ་བཙའི་སྲིད་ཇུས་ལེགས་བསྒྱུར་གྱིས་མི་འབོར་ཡུན་རིང་དོ་སྙོམས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་༽དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། 

            ༼  གཏན་འབེབས་ ༽ནང་། མི་འབོར་གོང་འཕེལ་ནི་ཀྲུང་ཧྭ་མི་རིགས་གོང་འཕེལ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་མི་འབོར་གྱི་གནད་དོན་ཐད་མཐོང་ཆེན་པོ་གནང་བ་དང་། རང་རྒྱལ་གྱི་མི་འབོར་འཕེལ་འགྱུར་གྱི་དུས་བབ་ལ་གཞིགས་ནས། བུ་བཙའི་སྲིད་ཇུས་རིམ་པས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མི་འབོར་ཡུན་རིང་དོ་སྙོམས་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཐབས་ཇུས་གལ་ཆེན་གཏན་འབེབས་བྱས་ཡོད་པས། ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མིག་སྔར། མི་འབོར་གནས་བབ་ཀྱི་འགྱུར་བ་གསར་པ་དང་སྤུས་ཚད་མཐོ་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བླང་བྱ་གསར་པ་དང་སྔར་བས་འཚམས་པ་བྱེད་ཆེད། ཕྲུ་གུ་གསུམ་བཙའི་སྲིད་ཇུས་དང་དེའི་ཆ་སྦྱོར་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད། དེ་ནི་མི་འབོར་གྱི་གྲུབ་གཞི་ལེགས་སྒྲིག་བྱས་ནས་མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཡག་པོ་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱ་རྒྱུར་ཕན་པ་དང་། མི་ཤུགས་ཐོན་ཁུངས་ཀྱི་བཟང་ཆ་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་ལོ་བརྒྱའི་རིང་མཐོང་དཀོན་པའི་འགྱུར་ལྡོག་ཆེན་མོར་ཁ་གཏད་གཅོག་རྒྱུར་ཕན་པ། ཕྲུ་གུ་བཙའ་བའི་སྤྱི་འབོར་ཆག་འགྲོ་བའི་སྣང་ཚུལ་ཞི་ལྷོད་དུ་བཏང་ནས་འོས་ཤིང་འཚམས་པའི་བུ་བཙའི་ཆུ་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུར་ཕན་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པ་བྱེད་པར་ཕན་པ་ཡོད་པ་བཅས་ཡིན་ཞེས་བསྟན་འདུག

        ༼  གཏན་འབེབས་ ༽ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག མི་དམངས་ལྟེ་བར་འཛིན་པ་དང་། དོ་སྙོམས་གཙོ་ཐིག་ཏུ་འཛིན་པ། བསྒྱུར་བཅོས་སྒུལ་ཤུགས་སུ་འཛིན་པ། ཁྲིམས་སྐྱོང་གིས་འགན་སྲུང་བྱེད་པ་བཅས་བྱས་ནས། སྤྱི་ལོ་2025ལོར་སླེབས་སྐབས། དགེ་མཚན་ལྡན་པའི་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཚར་བ་དང་། ཞབས་ཞུ་དོ་དམ་ལམ་ལུགས་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་བ། ལེགས་བཙའ་ལེགས་གསོའི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། ཀུན་ཕན་བཅོལ་གསོའི་ཞབས་ཞུའི་མ་ལག་གང་མགྱོགས་འཛུགས་པ། སྐྱེ་གསོ་སློབ་གསུམ་གྱི་མ་གནས་མངོན་གསལ་དོད་པོས་ཆག་པ་བྱེད་པ། བུ་བཙའི་ཆུ་ཚད་འོས་འཚམས་ངང་མཐོ་རུ་འགྲོ་བ། ཕྲུ་གུ་ཕོ་མོའི་བསྡུར་ཚད་རྒྱུན་གཏན་ཅན་དུ་འགྱུར་བ། མི་འབོར་གྱི་གྲུབ་གཞི་རིམ་པས་ལེགས་སུ་འགྲོ་བ། མི་རྣམས་ཀྱི་བྱང་ཚད་སྔར་བས་མཐོ་རུ་འགྲོ་བ་བཅས་བྱ་རྒྱུ་དང་། དེ་ནས་སྤྱི་ལོ་2035ལོར་སླེབས་སྐབས། མི་འབོར་ཡུན་རིང་དོ་སྙོམས་ངང་གོང་འཕེལ་ཡོང་བ་བྱེད་པའི་སྲིད་ཇུས་ཁྲིམས་སྲོལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ་དང་། ཞབས་ཞུ་དོ་དམ་སྒྲིག་གཞིའི་འཁོར་རྒྱུག་ལེགས་སུ་འགྲོ་བ། བུ་བཙའི་ཆུ་ཚད་སྔར་བས་འོས་ཤིང་འཚམས་པར་འགྱུར་བ། མི་འབོར་གྱི་གྲུབ་གཞི་སྔར་བས་ལེགས་བཅོས་ཐུབ་པ་བཅས་བྱ་རྒྱུ་རེད། ལེགས་བཙའ་ལེགས་གསོ་དང་། ཕྲུ་གུར་སློབ་གསོ་མྱོང་ཐུབ་པའི་ཞབས་ཞུའི་ཆུ་ཚད་དེ་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་འཚམས་པ་བྱེད་པ་དང་། ཁྱིམ་ཚང་གི་གོང་འཕེལ་ནུས་པ་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བྱས་ནས། མི་ཁྱོན་ཡོངས་ནས་གོང་འཕེལ་ཡོང་བ་བྱེད་པར་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕེལ་རིམ་ཐོན་པ་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།

       ༼  གཏན་འབེབས་ ༽ནང་། ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་ལག་ལེན་ཡག་པོ་བསྟར་རྒྱུ་སྒྲིག་འཛུགས་བྱེད་པ་དང་། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས༽ལ་བཟོ་བཅོས་བརྒྱབ་ནས། ལོ་ཚོད་རན་པའི་མིས་གཉེན་སྒྲིག་བུ་བཙའ་དང་ལེགས་བཙའ་ལེགས་གསོ་བྱ་རྒྱུ་དར་སྤེལ་གཏོང་དགོས། སྤྱི་ཚོགས་ཀྱི་སྙོར་སྐྱོང་གྲོན་དངུལ་མེད་པ་བཟོ་བ་དང་འབྲེལ་ཡོད་ཀྱི་ཆད་པ་གཅོད་པའི་གཏན་འབེབས་མེད་པ་བཟོ་དགོས། “རྒན་རྒོན་གཅིག་དང་བྱིས་པ་གཅིག”གཙོ་གནད་དུ་བཟུང་སྟེ། ཚེ་སྲོག་གི་རྒྱུན་འཁོར་ཧྲིལ་པོར་ཁེབས་པའི་མི་འབོར་གྱི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་ཚེ་སྲོག་ཐོ་འགོད་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་ཚོགས་ཡོངས་ལ་ཁེབས་པ་དང་ཚེ་སྲོག་གི་རྒྱུན་འཁོར་ཧྲིལ་པོར་ཁེབས་པའི་མི་འབོར་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་འཛུགས་པ། བུ་བཙའི་གནས་བབ་དང་མི་འབོར་གྱི་འཕེལ་འགྱུར་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱེད་པ་བཅས་བྱ་དགོས་ཞེས་ཁ་གསལ་བསྟན་ཡོད།

       ༼  གཏན་འབེབས་ ༽ནང་། སྦྲུམ་མ་དང་བྱིས་པའི་བདེ་ཐང་ལ་འགན་སྲུང་བྱ་རྒྱུ་དང་། སྐྱོན་ཡོད་པའི་ཕྲུ་གུ་བཙའ་བར་ཕྱོགས་བསྡུས་འགོག་བཅོས་བྱེད་པ། མིའི་རིགས་ཀྱི་སྐྱེ་འཕེལ་ཐད་ཀྱི་ཞོགས་འདེགས་ལག་རྩལ་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། ལེགས་བཙའ་ལེགས་གསོའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

       ༼  གཏན་འབེབས་ ༽ནང་། ཀུན་ཕན་བཅོལ་གསོའི་ཞབས་ཞུའི་མ་ལག་འཕེལ་རྒྱས་གཏོང་བར། རྒྱབ་སྐྱོར་ཀྱི་སྲིད་ཇུས་དང་ཚད་གཞི་ཚན་ལྡན་གྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཕྲུ་གུར་བདག་སྐྱོང་བྱེད་པའི་ཞབས་ཞུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་ནང་འཇུག་པ་དང་། སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཞིང་དང་། སྡོད་ཁང་། ནོར་སྲིད། དངུལ་རྩ། ཤེས་ལྡན་མི་སྣ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཐེ་ཞུགས་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བྱ་དགོས།  ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་གི་ཁྲིད་སྟོན་དང་སྐུལ་འདེད་ནུས་པ་འདོན་སྤེལ་བྱས་ནས། སྟབས་བདེ་བ་དང་། རིན་གོང་དང་ལེན་ཐུབ་པ། སྤུས་ཚད་འགན་ལེན་ཡོད་པ་བཅས་ཀྱི་བུ་བཅོལ་ཞབས་ཞུའི་ལས་ཁུངས་ཁག་ཅིག་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་མ་ཟད་ཕྱོགས་བསྡུས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

       ༼  གཏན་འབེབས་ ༽ཀྱིས་ཕྲུ་གུ་སྐྱེ་གསོ་སློབ་གསུམ་གྱི་མ་གནས་དམའ་རུ་གཏོང་རྒྱུར་དམིགས་ཏེ། བུ་བཙའི་གུང་གསེང་དང་འོ་མ་སྟེར་བའི་གུང་གསེང་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཕ་མས་ཕྲུ་གུ་གསོ་སྐྱོང་བྱེད་པའི་གུང་གསེང་གཏོང་རྒྱུའི་ཚོད་ལྟ་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། གུང་གསེང་སྐབས་ཀྱི་ལས་མི་བཀོལ་བའི་མ་གནས་ཁག་བགོས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།  གོམ་སྟབས་རྗེས་མའི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ལོ་3མན་གྱི་བྱིས་པ་ལྟ་སྐྱོང་འགྲོ་གྲོན་དེ་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དམིགས་ཞོར་སྣོན་རྣམ་གྲངས་འཐེན་པའི་ནང་འཇུག་རྒྱུར་ཞིབ་འཇུག་སྐུལ་འདེད་གཏོང་དགོས། ས་གནས་སྲིད་གཞུང་གིས་གཞུང་གི་བོགས་གཏོང་ཁང་པ་བོགས་མར་གཏོང་སྐབས། ས་གནས་དེ་གའི་སྡོད་ཁང་འགན་སྲུང་གི་ཆ་རྐྱེན་དང་མཐུན་པ་མ་ཟད་ནར་མ་སོན་པའི་བྱིས་པ་ཡོད་པའི་ཁྱིམ་ཚང་ཡིན་ཕྱིན། ནར་མ་སོན་པའི་བྱིས་པའི་ཁ་གྲངས་ལྟར་ཁང་པའི་ཆེ་ཆུང་འདེམས་པ་སོགས་ཀྱི་ཐད་གཟིགས་སྐྱོང་འོས་འཚམ་བྱེད་ཆོག་པ་དང་། ས་གནས་སྲིད་གཞུང་གིས་ནར་མ་སོན་པའི་བྱིས་པ་གསོ་སྐྱོང་བྱེད་པའི་ཁུར་པོ་ལྕི་ཡང་གི་གནས་ཚུལ་ལ་གཞིགས་ཏེ་ཧེ་བག་ཡོད་པའི་ཁང་པ་བོགས་གཏོང་དང་ཉོ་སྒྲུབ་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོ་ཆོག གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་གྱི་ཆ་སྦྱོར་བུ་བཅོལ་ཁང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་ཁེབས་རྒྱ་རྒྱུན་མཐུད་ཆེ་རུ་གཏོང་བ། བུ་བཅོལ་ཁང་དུ་སྡོད་པའི་དུས་ཚོད་དང་གསོ་ཉར་བྱེད་པའི་ཞབས་ཞུའི་དུས་ཚོད་འོས་འཚམ་གྱིས་རིང་དུ་གཏོང་དགོས། འོས་འགན་སློབ་གསོ་སྤུས་དག་དང་དོ་སྙོམས་ངང་གོང་འཕེལ་ཡོང་བ་བྱེད་པ་དང་གྲོང་གསེབ་དང་གྲོང་ཁྱེར་གཞི་གཅིག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས། སློབ་གྲྭ་འདེམས་པའི་དཀའ་གནད་ནུས་ལྡན་ངང་སེལ་དགོས། སློབ་གྲྭའི་སློབ་གསོའི་ཐོན་ཁུངས་ལ་བརྟེན་པ་དང་། སྤྱི་ཕན་དང་ཀུན་ཕན་རྩ་དོན་དུ་བཟུང་སྟེ། སློབ་ཚན་རྗེས་ཀྱི་རིག་ཚན་ལུས་རྩལ་བྱེད་སྒོ་དང་། སྤྱི་ཚོགས་ཀྱི་ལག་ལེན་རྣམ་གྲངས། བཅོལ་གསོའི་ཞབས་ཞུ་ཕྱོགས་ཡོངས་ནས་སྤེལ་ནས། སློབ་གྲྭ་གྲོལ་བའི་དུས་ཚོད་དང་ཕ་མ་ལས་ཀ་གྲོལ་བའི་དུས་ཚོད་སྦྲེལ་མཐུད་ཐུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཁྱིམ་ཚང་དང་སློབ་གྲྭའི་སློབ་གསོའི་ཁུར་པོ་དོ་སྙོམས་ཡོང་བ་བྱེད་པ་དང་། སློབ་ཕྱིའི་གསོ་སྦྱོང་ཚད་ལྡན་ནན་པོ་བཟོ་དགོས། ལས་ཁུངས་དང་ཁེ་ལས། བྱ་གཞག་ཚན་པ་སོགས་མི་སྤྱོད་ཚན་པའི་ལས་མི་བསྡུ་བའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། བུད་མེད་འདྲ་མཉམ་ངང་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། བུད་མེད་ཀྱི་ལས་ཞུགས་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས་ཞེས་བསྟན་ཡོད།

       ༼  གཏན་འབེབས་ ༽ནང་། སྲིད་ཇུས་ལེགས་སྒྲིག་བྱ་རྒྱུ་དེ་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལེགས་སྒྲིག་མ་བྱས་གོང་གི་ཕྲུ་གུ་གཅིག་ཡིན་པའི་ཁྱིམ་ཚང་དང་གྲོང་གསེབ་ཀྱི་འཆར་ལྡན་བུ་བཙའི་སྐབས་བུ་མོ་གཉིས་ཡོད་པའི་ཁྱིམ་ཚང་ལ་མུ་མཐུད་ད་ལྟ་ལག་བསྟར་བྱེད་མུས་ཀྱི་བྱ་དགའ་དང་རོགས་སྐྱོར་ལམ་ལུགས། དེ་བཞིན་གཟིགས་སྐྱོང་སྲིད་ཇུས་བཅས་ལག་ལེན་བསྟར་དགོས། ཕྲུ་གུ་གཅིག་ལས་མེད་པའི་ཕ་མའི་བདག་སྐྱོང་ངལ་གསོའི་ལམ་ལུགས་འཚོལ་ཞིབ་བྱས་ནས་འདོན་པ་དང་། འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱེད་པའི་འགན་སྲུང་ལམ་ལུགས་འཐུས་ཚང་འཛུགས་པ། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྤྱི་ཚོགས་སྒྲིག་འཛུགས་ཀྱིས་ཐེ་ཞུགས་བྱེད་པའི་རོགས་སྐྱོར་གཟིགས་སྐྱོང་གི་ལས་ཀའི་སྒྲིག་གཞི་འཐུས་ཚང་འཛུགས་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

       ༼  གཏན་འབེབས་ ༽ནང་། སྒྲིག་འཛུགས་དང་ལག་ལེན་བསྟར་རྒྱུར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་གནས་ཚད་མཐོ་རུ་གཏོང་བ་དང་། རྒྱལ་ཚུལ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་འཛིན་པའི་འདུ་ཤེས་ཆེ་རུ་གཏོང་བ། འགོ་ཁྲིད་གཙོ་བོས་དོ་དམ་བྱེད་པ་དང་འགན་འཁྲི་གཙོ་བོ་ཁུར་རྒྱུ་རྒྱན་འཁྱོངས་བྱེད་པ། དགེ་མཚན་ལྡན་པའི་བུ་བཙའི་རྒྱབ་སྐྱོར་བྱེད་ཐབས་འདོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། འགན་འཁྲི་དམིགས་སར་འབྱོར་བ་དང་དོན་འཁྱོལ་མཐར་ཕྱིན་པ་ཡོང་རྒྱུར་འགན་སྲུང་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

རྩོམ་སྒྲིག་པ། གཡུ་འཛོམས།