མཚོ་བོད་ལྕགས་ལམ་ནི་བདེ་སྐྱིད་ལྡན་པའི་བགྲོད་ལམ་ཞིག་ཏུ་གྱུར་ཡོད།

རྩོམ་པ་པོ།   དུས་ཚོད།   2021-07-22   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

         ཉེ་ལམ་གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ7པའི་བར་མཚོ་བོད་ལྕགས་ལམ་ཕྱོགས་ཡོངས་ནས་ཤར་གཏོང་བྱུང་བ་དང་འཁོར་སྤྱོད་བྱས་ནས་ལོ་འཁོར་15ལོན་ཡོད། མཚོ་བོད་ལྕགས་ལམ་ཕྱོགས་ཡོངས་ནས་ཤར་གཏོང་བྱས་པ་ནས་2020ལོའི་ཟླ་12བར། མཚོ་བོད་སྡེ་ཚོགས་ཀུང་སིས་བསྡོམས་པས་དངོས་ཟོག་ཏུན་དུང་ཕྱུར་6.16སྐྱེལ་འདྲེན་བྱས་པ་དང་། ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་2.58སྐྱེལ་འདྲེན་བྱས་པས། སྐུ་མགྲོན་སྐྱེལ་འདྲེན་དང་དངོས་ཟོག་སྐྱེལ་འདྲེན་གྱི་ཕྱི་ནང་གཉིས་ལ་སྒོ་ཕྱེས་པའི་བགྲོད་ལམ་གསར་བ་ཞིག་ཏུ་གྱུར་ཡོད། 

         2006ལོའི་ཟླ་7པའི་ཚེས་1ཉིན། འཛུགས་སྐྲུན་པ་ཁྲི་13གྱིས་ལོ་5རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། མཐོ་སྒང་གི་གྲང་ངར་དང་གསོ་རླུང་མི་འདང་བ། ལོ་མང་པོ་རིང་གི་འཁྱགས་ས་ཆགས་པ་སོགས་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཁྱད་དུ་བསད་དེ། ཀུན་གྱིས་དོ་སྣང་བྱེད་པའི་མཚོ་བོད་ལྕགས་ལམ་ཕྱོགས་ཡོངས་ནས་ཤར་གཏོང་བྱུང་ནས། ལམ་ཐག་རིང་བ་དང་ས་བབ་མཐོ་པ། ཁོར་ཡུག་ཞན་པ་སོགས་ཀྱི་འཛམ་གླིང་གི་ཟིན་ཐོ་མང་པོ་བསྐྲུན།

          ལོ་15རིང་། མཚོ་བོད་སྡེ་ཚོགས་ཀུང་སིས་ལྕགས་ལམ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། མཚོ་བོད་ལྕགས་ལམ་ན་གོར་མོ་ནས་ལྷ་ས་བར་གྱི་ལྕགས་ལམ་ཤར་གཏོང་བྱུང་རྗེས། སྔ་གཞུག་ཏུ་ལྷ་ས་ནས་གཞིས་རྩེ་བར་དང་། ཏུན་ཧོང་བར་གྱི་ལྕགས་ལམ། ན་གོར་མོ་ནས་ཁུའུ་ལེ་བར་གྱི་ལྕགས་ལམ་བཅས་འཛུགས་སྐྲུན་བྱས་ཏེ། མཚོ་བོད་ལྕགས་ལམ་གྱི་ཀོན་ཅའོ་ཕུག་ལམ་གསར་བ་དང་ན་གོར་མོ་ནས་ལྷ་ས་བར་གྱི་རྒྱ་བསྐྱེད་སྒྱུར་བཀོད་རྣམ་གྲངས་ལེགས་འགྲུབ་བྱུང་། མངའ་ཁོངས་བར་ལྕགས་ལམ་གྱི་གཉེར་སྐྱོང་ལམ་ཚད་1959ལོའི་སྤྱི་ལེ་121ནས་2020ལོའི་སྤྱི་ལེ་3656.98བར་རྒྱ་བསྐྱེད་པ་དང་།  ལྕགས་ལམ་གཉེར་སྐྱོང་ལམ་ཚད་ལྡབ་30ཙམ་འཕར་ཡོད་ལ། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་2006ལོའི་ཏུན་ཁྲི་2491ནས་2020ལོའི་ཏུན་ཁྲི་5019.8བར་འཕར་བ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་2006ལོའི་མི་ཐེངས་ཁྲི་648.2ནས་2019ལོའི་མི་ཐེངས་ཁྲི་2589.5བར་འཕར་ཡོད། མཚོ་སྔོན་ཞིང་ཆེན་གྱི་ས་ཁམས་མཚོན་རྟགས་ཀྱི་བཟོ་འགོད་ཞིག་ཡིན་པའི་ཆ་ནས། ཟི་ལིང་ས་ཚིགས་ཀྱིས་ལོ་ཧྲིལ་པོར་སྐུ་མགྲོན་སྐྱེལ་འདྲེན་བྱེད་ཚད་1959ལོའི་མི་ཐེངས་ཁྲི་18ནས་2019ལོའི་མི་ཐེངས་ཁྲི་923བར་ཡར་འཕར་ཡོད། 

          ད་ལྟ་འཛམ་གླིང་ཐོག་ས་བབ་མཐོ་ཞིང་། ལམ་ཐག་ཆེས་རིང་བའི་མཐོ་སྒང་གི་ལྕགས་ལམ་ཡིན་པའི་མཚོ་བོད་ལྕགས་ལམ་གྱིས་མཚོ་སྔོན་དང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། སྐུ་མགྲོན་སྐྱེལ་འདྲེན་དང་དངོས་ཟོག་སྐྱེལ་འདྲེན་གྱི་བདེ་སྐྱིད་ལྡན་པའི་བགྲོད་ལམ་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། གཡུ་འཛོམས།