རྒྱ་གར་གྱི་མི་འབོར་ཀྲུང་གོ་ལས་བརྒལ་ཏེ་འཛམ་གླིང་གི་མང་ཤོས་སུ་འགྱུར་རྒྱུ་རེད།

རྩོམ་པ་པོ།   དུས་ཚོད།   2021-07-21   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུས་སྤྱི་ཚེས་17ཉིན་འཛམ་གླིང་མི་འབོར་ལ་རྒྱང་བལྟ་དང་སྤྱི་ལོ་2019ལོར་ཤེས་རྟོགས་བྱུང་བའི་ནང་དོན་གནད་བསྡུས་ཞེས་པའི་སྙན་ཞུའི་ནང་། སྤྱི་ལོ་2027ལོར་རྒྱ་གར་གྱི་མི་འབོར་ཀྲུང་གོ་ལས་བརྒལ་ཏེ། གོ་ལ་ཧྲིལ་པོའི་མི་འབོར་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཏུ་འགྱུར་རྒྱུ་རེད་ཅེས་འཁོད་ཡོད།

        སྙན་ཞུའི་ནང་དུ་སྤྱི་ལོ་2019ལོར་ཀྲུང་གོའི་མི་འབོར་དུང་ཕྱུར་14.3ཟིན་པ་དང་རྒྱ་གར་གྱི་མི་འབོར་དུང་ཕྱུར་13.7ཟིན་ཞིང་། ཁག་སོ་སོས་གོ་ལ་ཧྲིལ་པོའི་མི་འབོར་བསྡོམས་གྲངས་ཀྱི་19%དང་18%ཟིན་ཡོད། ཡིན་ཡང་མ་འོངས་པའི་སྤྱི་ལོ་2050ལོར་རྒྱ་གར་གྱི་མི་འབོར་དུང་ཕྱུར་2.73ཇེ་མང་དུ་སོང་ནས་དུང་ཕྱུར་15ལས་བརྒལ་རྒྱུ་ཡིན་པ་དང་། ཀྲུང་གོའི་མི་འབོར་དུང་ཕྱུར་11ཡས་མས་བར་ཆག་རྒྱུ་རེད། སྔོན་དཔག་བྱས་ན། རྒྱ་གར་དང་ཀྲུང་གོ་ལས་གཞན་ད་དུང་ནི་ཀྲེ་རི་ཡ(དུང་ཕྱུར་7.33)དང་། ཨ་རི་(དུང་ཕྱུར་4.34)ཕ་ཁི་སི་ཐན་(དུང་ཕྱུར་4.03)བཅས་ཀྱང་ལོ་ངོ་30ཡི་རྗེས་སུ་མི་འབོར་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ནང་ཚུད་ཡོད་ལ། རྒྱལ་ཁབ་འདི་ལྔ་པོའི་ཨང་རིམ་དུས་རབས་འདིའི་མཇུག་བར་དུ་རྒྱུན་བསྲིངས་རྒྱུ་ཡིན་པ་རེད།

          སྤྱི་ཚེས་18ཉིན། རྒྱ་གར་གྱི་ཚགས་པར་ཐུའོ་ལ་སིའི་ཐོག་གནས་ཚུལ་སྤེལ་བར་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འདིའི་གོང་གི་སྔོན་དཔག་ལ་གཞིགས་ན། དུས་སྔ་ཕྱི་ཙམ་མ་གཏོགས་རྒྱ་གར་ཀྲུང་གོ་ལས་བརྒལ་ནས་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོར་འགྱུར་རྒྱུ་ཡིན་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2015ལོའི་སྙན་ཞུའི་ནང་ཚོད་དཔག་བྱས་པར་གཞིགས་ན། སྤྱི་ལོ་2022ལོར་རྒྱ་གར་གྱི་མི་འབོར་ཀྲུང་གོ་ལས་བརྒལ་རྒྱུ་ཡིན་པ་དང་། སྤྱི་ལོ་2017ལོའི་སྙན་ཞུའི་ནང་སྤྱི་ལོ་2024ལོའི་ཡས་མས་སུ་ཀྲུང་གོ་ལས་བརྒལ་རྒྱུ་ཡིན་པར་བརྗོད་ཡོད།  

        སྙན་ཞུ་དེའི་ནང་དུ་ད་དུང་། སྔོན་དཔག་བྱས་ན་མ་འོངས་པའི་སྤྱི་ལོ་2030ལོར་གོ་ལ་ཧྲིལ་པོའི་མི་འབོར་དུང་ཕྱུར་85ཟིན་རྒྱུ་ཡིན་པ་དང་། སྤྱི་ལོ་2050ལོར་དུང་ཕྱུར་97ཟིན་རྒྱུ་ཡིན་པ། སྤྱི་ལོ་2100ལོར་མི་འབོར་དུང་ཕྱུར་110ཡས་མས་ཟིན་རྒྱུ་ཡིན་པ་རེད། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་འབོར་སྡེ་ཁག་གི་དཔོན་པོ་ཝེའར་མའོ་སིའི་སྐད་ཆ་ལུང་དུ་དྲངས་ནས་བཤད་པ་ལྟར་ན། སྤྱི་ལོ་2100ལོའི་བར་ད་དུང་ལོ་བཅུ་ཕྲག་ཁ་ཤས་ཡོད་པས་སྙན་ཞུའི་ནང་གི་སྔོན་དཔག་དེ་ཡང་དག་ཡིན་པའི་ངེས་པ་མེད། འོན་ཀྱང་མི་འབོར་འཕེལ་མང་ཤོས་དུས་ལ་སླེབས་ངེས་ཡིན་པ་རེད།

    མི་འབོར་ཚེ་ཚད་ཐད། སྤྱི་ལོ་2019ལོར་གོ་ལ་ཧྲིལ་པོའི་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.6ཡིན་པ་དང་། སྙན་ཞུའི་ནང་དུ་གྲངས་ཀ་དེ་སྤྱི་ལོ་2050ལོར་ལོ་77.1བར་ཇེ་མཐོར་འགྲོ་རྒྱུ་ཡིན་པ་རེད།  སྤྱི་ལོ་2019ལོར་གོ་ལ་ཧྲིལ་པོའི་ཕྲུ་གུ་བཙའ་ཚད་2.5ཟིན་པ་དང་། སྤྱི་ལོ་2050ལོར་གྲངས་ཀ་དེ་2.2བར་ཆག་རྒྱུ་རེད། སྤྱི་ལོ་2050ལོར་སླེབས་སྐབས་འཛམ་གླིང་ཡོངས་ཀྱི་མི་16%གི་ལོ་ཚོད་ལོ་65ལས་བརྒལ་རྒྱུ་ཡིན་པ་དེ་སྤྱི་ལོ་2019ལོའི་9%ལས་ཇེ་མཐོར་སོང་ཡོད། ལོ་80དང་དེའི་ཡན་གྱི་མི་འབོར་ད་ལྟའི་མི་འབོར་གྱི་ལྡབ་3ཇེ་མང་དུ་སོང་ནས་སྤྱི་ལོ་2019ལོའི་དུང་ཕྱུར་1.43ནས་སྤྱི་ལོ་2050ལོའི་དུང་ཕྱུར་4.26བར་འཕར་རྒྱུ་རེད་ཆེས་འཁོད་ཡོད་པ་རེད། 

རྩོམ་སྒྲིག་པ།  ཚེ་པེ།