ལི་ཁེ་ཆང་གིས་སྤྱི་ལོ་2021ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྱུར་བཅོས་ལས་དོན་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་པ་པོ།   དུས་ཚོད།   2021-07-21   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

              སྤྱི་ལོ་2021ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྱུར་བཅོས་ལས་དོན་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྤྱི་ཟླ་7པའི་ཚེས་20ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་། སྨན་བཅོས་འཕྲོད་བསྟེན་ནི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱེད་པའི་ཕུབ་བརྟན་པོ་ཞིག་རེད། རེས་འཁོར་གསར་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་བྱས་ཚུན། གཞི་རྩ་འགན་སྲུང་དང་། ལམ་སྲོལ་འཛུགས་པ། གཞི་རིམ་སྟོབས་ཆེར་གཏོང་བ་བཅས་ལ་ཤུགས་བརྒྱབ་པ་བརྒྱུད། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱུང་བ་དང་། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སྨན་བཅོས་འཕྲོད་བསྟེན་མ་ལག་གིས་བྱས་རྗེས་གལ་ཆེན་བཞག་ཡོད་པས། རྒྱ་ཆེའི་སྨན་བཅོས་མི་སྣ་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་ལས་དོན་སྤེལ་མཁན་རྣམས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་མཆོག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་རེ་སྒུག་ལ་དམིགས་ཏེ་སྨན་བཅོས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། སྔོན་འགོག་གཙོ་བོར་འཛིན་པ་དང་སྨན་བཅོས་འཕྲོད་བསྟེན་མཉམ་ལས་ལ་སྔར་བས་མཐོང་ཆེན་བྱས་ཏེ། ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས། སྨན་པ་བསྟེན་ཁག་པ་དང་སྨན་ཡོན་མཐོ་བའི་གནད་དོན་སྔར་བས་ཞི་ལྷོད་དུ་གཏོང་རྒྱུར་དམིགས་ནས། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་དང་སྨན་བཅོས་བཅས་“སྨན་གསུམ་”མཉམ་འགུལ་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྔོན་མངགས་ནད་བརྟག་སྨན་བཅོས་དང་། ཞིབ་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན། སྒོ་བསྟེན་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་པ་སོགས་ཀྱི་དམངས་ཕན་བྱེད་ཐབས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཞིང་དཀོན་པའི་སྨན་རྫས་མཁོ་སྤྲོད་དང་རིན་གོང་བརྟན་པོ་ཡོང་བའི་ལས་ཀར་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། གཅིག་བསྡུས་ཐོག་འབོར་ཚད་མང་བའི་ཉོ་སྒྲུབ་བྱེད་པ་བརྒྱུད་མང་ཚོགས་ལ་སྨན་རིན་ཇེ་དམའ་རུ་གཏོང་བའི་ཕན་ཆ་སྔར་ལས་མང་པོ་ལོངས་སྤྱོད་བྱེད་དུ་འཇུག་དགོས། ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་རྫོང་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་གཅིག་གྱུར་མ་ལག་འཛུགས་སྐྱོང་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་། ཀྲུང་ལུགས་ཀྱི་སྨན་དང་སྨན་བཅོས་དར་རྒྱས་གོང་འཕེལ་དང་གྲོང་གསེབ་ཀྱི་སྨན་པའི་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱེད་པ། དྲ་སྦྲེལ་ཐོག་སྨན་བཅོས་བདེ་ཐང་སྣོན་པ་སོགས་ཀྱི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་པ། སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་རྒྱུར་རྒྱབ་སྐྱོར་དང་ཚད་ལྡན་ངང་གོང་འཕེལ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱིས་དེ་བས་སྟབས་བདེ་དང་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་འགན་ལེན་དེ་བས་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

རྩོམ་སྒྲིག་པ།  གཡུ་འཛོམས།