ནང་མ་ཁང་གི་མགྲོན་པོ།

རྩོམ་པ་པོ།   ཁྱེའུ་ལྷ་སྲས། དུས་ཚོད།   2021-07-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཆ་རྒྱུས་ཅི་ཡང་མེད་ལ།

འབྲེལ་བ་ཤིན་ཏུ་ཟབ་པའི།

དབུས་གཙང་བ་དང་།

ཨ་མདོ་བ།

ཁམས་པ་བ།

ནང་མ་ཁང་ཞིག་ནས་འཛོམས།

ཆང་ཕོར་དང་ཆང་ཕོར་གཏུགས་རེས་བྱས་ཏེ།

བདུད་རྩི་བསིལ་མ་གཙང་བཞེས་ཡང་ཡང་གནང་ནས།

སྙན་འཇེབས་ཀྱི་དབྱངས་རྟ་རེ་རེས།

སེམས་པ་དང་སེམས་པ་འཁྲེང་མགོ་བརྩམས་རྗེས།

ལག་པས་ལག་པར་འཇུས་ནས།

ཚོན་མདོག་མི་གཅིག་པའི་གློག་འོད་ཁྲོད་དུ།

ཆོབ་ཆོབ་ལྡིར་ལྡིར་གྱི་གར་སྟེགས་སྟེང་དུ།

ལྡེམ་མྱུར་གྱི་སྟངས་སྟབས་མངོན་བྱུང་།

དགོད་སྒྲས་ཁེངས་པའི་མཚན་མོ་དེར།

གར་མ་སུ་ཞིག་དང་།

གླུ་བ་གང་ཞིག

ལྟད་མོ་བ་དང་བཅས།

ནང་མ་ཁང་གི་མགྲོན་པོ་མཐའ་དག

འཛུམ་དམུལ་དམུལ་གྱིས་བཞད་ཡོད།

ཡིད་འོང་གི་རྨི་ལམ་ཞིམ་པོ་དེ་ལས།

དུས་ནམ་ཞིག་ལ་རང་དབང་མེད་པར།

མི་འདོད་བཞིན་དུ་སད་དགོས་ཨང་།

རྩོམ་སྒྲིག་པ།  གཡུ་འཛོམས།