སྙེ་མ་ལྡེམ་པའི་དུས་ཚིགས།

རྩོམ་པ་པོ།   ཁ་ལ་ཡུགདུས་ཚོད།   2021-07-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


དལ་ལྷོད་མེད་པ་གཙང་བོའི་ངང་ཚུལ་ལ།།

ལོ་ཟླ་རྫོགས་པའི་བཞུར་རྒྱུན་བྲིས་པ་འདུག།

ང་ཡི་ལང་ཚོ་དེ་ཡི་ཉིན་སྲིབ་ནས།།

རྒ་བའི་གཉེར་རིས་ཉིན་བས་ཇེ་མང་རེད།།

འདི་ནས་མི་མཐོང་རི་རབ་གཙང་བོའི་ཕར།།

མཐོན་མཐིང་མཁའ་ལ་གཡོ་བའི་སྤྲིན་པ་ནི།།

དྲན་པའི་དབང་གིས་འཕྲིན་གྱི་ཕོ་ཉ་ཡིན།།

སྐྱོ་བ་སྦྱིན་པའི་བསིལ་བའི་བསིལ་གྲིབ་ཡིན།།

སེམས་ཀྱི་ལང་ཚོའི་རྒུད་པའི་ནམ་ཟླ་ལ།།

འདབ་མ་སེར་བར་གྲུག་ནས་ལམ་བར་དུ།།

རླུང་གིས་རྡེབ་པའི་སྟོན་ཟླ་འདྲིང་པོ་ཡང་།།

ཟད་མེད་འཇག་མ་འགུལ་བའི་སྐྱོ་གླུ་ལེན།།

འདབ་མ་གྲུག་པའི་ལྗོན་པའི་ཡལ་འདབ་ཏུ།།

བྱེའུ་ཆུང་སྐྱོ་བའི་སྨྲེང་བ་དགུ་འགྱུར་མས།།

འདི་རུ་རླུང་ཁའི་གྲང་ངར་བཟོད་པ་ལ།།

སྒྲོ་ཕྲན་རླུང་གིས་ཟིང་ནས་ཉམ་ཆུང་གིས།།

སྐད་ཅིག་ཡལ་འདབ་ཚང་ལ་སྒྲོག་པ་འདུག།

སྙེ་མ་ལྡེམ་པའི་དུས་ཚིགས་འདི་དག་ལ།།

ཞིང་ཁ་གཡང་ལ་མེ་ཏོག་རབ་བཞད་པས།།

བྱིས་པ་དག་ནི་རྩེད་དགར་རོལ་ན་ཡང་།།

གྱེས་བྲལ་སེམས་ཀྱིས་བཟི་བའི་བདག་འདྲ་ནི།།

སྙེ་མ་ལྡེམ་པ་སེམས་ཀྱི་འཕག་འཚག་རེད།།

ལོ་ཟླས་རིང་དུ་གྱེས་པ་མི་ཚད་ཅིང་།།

བར་ཐག་རི་ཆུས་བཅད་པའི་རྒྱང་རིང་དུ།།

ང་འདི་གཤོག་ཐོགས་ཡིན་ན་འཕུར་བར་ངེས།།

སེམས་འདི་ཕོ་ཉ་ཡིན་ན་སྙིང་གཏམ་གྱི།།

ཚིག་གསུམ་ཉེ་བའི་མི་ལ་བཤད་པར་འགྲོ།།

ལོ་ཟླ་མང་བོའི་བདེ་སྡུག་མཉམ་ཁུར་གྱི།།

རོགས་ལ་སྙིང་ཞེས་བརྡ་ཡིས་ཞེ་ལ་སྦྱར།།

ཚེ་རབས་འདི་ཡི་གཏམ་གྱི་དང་མ་ནི།།

ལྷད་མེད་ཚིག་གིས་བརྗོད་པར་ང་རེ་བྲེལ།།

རྩོམ་སྒྲིག་པ།  ཚེ་པེ།