ས་སྲོས་ཀྱི་ཉི་འོད།

རྩོམ་པ་པོ།   རྡོ་རིགས་ངག་དབང་འཕྲིན་ལསདུས་ཚོད།   2021-07-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ས་སྲོས་ཀྱི་མཚམས་སྤྲིན་ཀློང་ན་རྟ་བདུན་དབང་བོའི་འཛུམ་ཟེར་དལ་བ་དལ་བུར་ཆུ་ལྷའི་ཕང་བར་ཡིབ་ལ་ཉེ་འདུག དྲོད་ཁོལ་གྱི་འོད་སྣང་འབྱེད་པའི་ཁྱེད་ཀྱི་ཐུ་འོག་ན་ངའི་ཕ་མེས་ཡང་མེས་ནས་བརྒྱུད་པའི་སྦྲ་ནག་དག་ཀྱང་མཉམ་དུ་སྤར་སོང་བ་ཡིན་ནམ།

ཁོད་ཡངས་པའི་སྤང་ལྗོངས་ཀྱི་ལྟེ་བར་ཁེར་རྐྱང་དུ་འགྲེང་བའི་སྦྲ་གུར་གྱི་ཆོན་ཐག་བར་ན་དབུ་སྐྲའི་ཁ་དོག་ལ་ཁ་བའི་རང་མདངས་བཀྲ་བའི་ཨ་མ་རྒན་མོ་ཞིག་གིས་ལག་གཡས་སུ་མ་ཎིའི་འཁོར་ལོ་སྐོར་ཞིང་ལག་གཡོན་པར་ཙན་དན་གྱི་ཕྲེང་བ་དམར་སྨུག་ཅིག་བགྲང་ཞོར་བྱིས་པ་སྣབས་ལུགས་འགའ་ལ་སྦྲ་གུར་ལས་འཕྲོས་པའི་གནའ་གཏམ་དག་ཧ་ཅང་ནན་ཏན་གྱིས་འཆད་ཀྱང་ཅུང་ཞིག་གི་རྗེས་སུ་ནུབ་ཕྱོགས་ཀྱི་རི་བོའི་ཕྲག་གོང་ན་འཛུམ་པའི་དམར་ལམ་ལམ་གྱི་ཉི་འོད་གཉོམ་པོ་དེ་ལ་རེ་ཆད་ཀྱིས་ལྟ་བཞིན་སྦྲ་གུར་གྱི་ནང་དུ་འཛུལ།

སྦྲ་གུར་དང་རྟ་ནོར་ལུག་གསུམ་གྱི་མཛེས་སྡུག་གིས་འཚོ་བའི་ཡུལ་ཕྱོགས་འདིའི་སྙིང་ཁོང་གི་རྣམ་ཤེས་ལྟ་བུའི་སྤང་ལྗོངས་ཆེན་མོའི་སྟེང་གི་ཕ་མེས་ཀྱིས་བསྐྲུན་པའི་སྦྲ་ནག་དེ་དག་གང་དུ་བསྐྱལ་སོང་། མེ་ཏོག་གི་ར་བའི་གུར་ཁྱིམ་དུ་རྩེན་པའི་ཀ་ཁའི་གདངས་དབྱངས་ལ་འཁྱུད་པའི་བྱིས་པ་དེ་དག་གང་དུ་བུད་སོང་། ད་དུང་ཨ་ཕའི་གཏམ་རྒྱུད། ཨ་མའི་གནའ་གཏམ། ཨ་ཁུའི་ཁ་ཏ། དེ་རིང་གི་ནུབ་ཁའི་མཚམས་སྤྲིན་གྱི་བར་ན་འཕྱོ་བའི་ཉི་འོད་བཞིན་ཕ་གིའི་རི་བོ་ཞིག་གི་ཕག་ལ་ཡིབ་སོང་བ་ཡིན་ནམ། སྤྲིན་ནག་གི་འདུ་འགོད་བཞིན་གནས་སྐབས་ཀྱི་རྐྱེན་དབང་གང་ཞིག་གིས་རེ་ཞིག་བསྒྲིབས་པ་ཡིན།

         ཆུ་ཀླུང་ཆེན་པོའི་གསེར་ཉ། ཆུ་ཕྲན་ཆུང་ཆུང་གི་བྱམས་བརྩེས་གསོ་མི་ཐུབ་ལ། ཆུ་ཕྲན་ཆུང་ཆུང་གི་ཉ་མོ། ཆུ་ཀླུང་ཆེན་པོས་གཉོར་མི་ཐུབ། དེ་བཞིན་དུ་ངེད་ཚང་གི་སྤང་ཐང་དུ་མེ་ཏོག་ལུག་མིག་དང་མེ་ཏོག་གཟེར་འཇོམས་སྤང་རྒྱན་མེ་ཏོག་སོགས་ཀྱི་ལྡིང་ཀ་རུ་མེས་པོ་ཚོའི་བློ་གྲོས་ལས་བྱུང་བའི་སྦྲ་ནག་དེ་མཛེས་ཤིང་། དེ་ལས་ཀྱང་སྦྲ་ནག་གི་ཁ་ཚུབ་ལས་ཀ་ཁའི་གདངས་དབྱངས་ལ་ཐིམས་པའི་གླུ་སྐད་སྙན་མོ་དེ་ལྷག་པར་མཛེས།

         ཨ་ཕ་རྒན་པོས་གསུངས་རྒྱུར། གནའ་སྔ་མོར་ང་ཚོའི་མེས་པོ་ཚོ་སྦྲ་ནག་ཏུ་བཞུགས་ཤིང་ཀ་ཁའི་འཕྲུལ་འཁོར་གྱིས་འཇིག་རྟེན་གྱི་དེ་ཉིད་མང་བོ་ཞིག་བཙལ་ཏེ་མིའི་རིགས་ཀྱི་མཁའ་དབྱིངས་ལ་ཉི་ཟླ་ལྟར་གསལ་བའི་གཞུང་ལུགས་མང་བོ་བརྩམས་པར་དྲན་ན་ད་ལྟའི་མི་ཡི་སྤོབས་པའི་མགྲིན་པ་གནོངས་པར་འགྱུར། ཨ་མ་བགྲེས་མོས་གསུངས་རྒྱུར། ང་ཚོའི་མེས་པོ་ཚོས་མཆོག་གསུམ་གཙུག་ཏུ་བཀུར་ཞིང་དྲང་བདེན་སྲོག་ལྟར་བརྩི་བའི་ཡ་རབས་ཀྱི་སྤྱོད་བཟང་དེ་དག་དྲན་ན་རང་སེམས་བློང་བློང་བོར་འགྱུར།

        ཀ་ཁའི་མཛེས་སྡུག་གི་ལང་ཚོ། སྦྲ་ནག་གི་ཁ་ཚུབ་ལས་འཕྱོ་བའི་དུད་སྤྲིན། འདོ་རིགས་རྟ་ཕོའི་འཚེར་སྐད། འབྲི་དཀར་ཐུལ་མའི་ངུར་སྒྲ། གཡང་དཀར་ལུག་གི་འབའ་སྒྲ། ཡོད་ཚད་དགོང་ཁའི་མཚམས་སྤྲིན་གྱི་ཀློང་ནས་ཉི་མའི་འོད་ཟེར་དང་མཉམ་དུ་འདི་ལྟར་གྱེས་དགོས་པ་ཡིན་ནམ།

རྩོམ་སྒྲིག་པ།  ཚེ་པེ།