མཚན་གུང·རང་ཉིད།

རྩོམ་པ་པོ།   ཟར་མ།དུས་ཚོད།   2021-07-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


མཚན་གུང་དུ།

ངས་བརྡ་འཕྲིན་ཞིག་ལ་སྒུག

སིལ་བུར་འཐོར་བའི་འཚོ་བ།

རྨི་ལམ་གྱི་གོང་འོག་ནས་ངུ་མ་དགོད་དུ་འདུག

ངས། བརྡ་འཕྲིན་ལ་སྒུག

བརྡ་འཕྲིན་དེར་ཚོད་དཔག་གང་མང་བྱས་མཐར།

རང་ཉིད་མེ་ལོང་དུ་བཏང་།

ངས། བརྡ་འཕྲིན་ལ་སྒུག

གུར་ཁྱིམ་ན་ཟགས་པའི་ཐིགས་པ།

སེམས་ཀྱི་དྲ་མ་རུ་བབས།

ངས། བརྡ་འཕྲིན་ལ་སྒུག

ཟླ་བའི་མཐའ་འཁོར་ནས།

རང་ཉིད་འཇིག་རྟེན་འདིར་ངོ་སྤྲོད་བྱས་རྗེས།

བརྡ་འཕྲིན་དེར་དེའི་ཁ་ཕྱོགས་ཙམ་ཡོད་སྲིད་དམ།

རྩོམ་སྒྲིག་པ།  གཡུ་འཛོམས།