ཏང་དར་ལྷབ་ལྷུབ་གཡོ་བའི་ཡུལ་གྲུ་ཀུན།། སྟོབས་འབྱོར་མངའ་ཐང་རྒྱས་ཤིང་འཚོ་བ་སྐྱིད།།

ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚིག་ཕྲེང་མེ་ཏོག་ཆུན་པོ།

རྩོམ་པ་པོ།   རྡོ་རྗེ་དཔལ།དུས་ཚོད།   2021-07-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

སྐྱེ་ཁམས།

ལྗོངས་སྐོར།

འགྲིམ་འགྲུལ།

གློག་དྲྭ།

          ཀྲུང་གོ་ནི་ལོ་རྒྱུས་ཀྱི་རྨུ་ཐག་རིང་ཞིང་མི་རིགས་མང་བོ་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཞེས་པའི་ཁྱིམ་གཞིས་ཆེན་མོའི་སྒོ་ཁྱིམ་ཀུན་ཏུ། བོད་རིགས་མི་དམངས་ཀྱིས་མི་རིགས་ཁག་བར་མཉམ་འགྲོས་མཉམ་གཤིབ་བྱས་ཏེ་མདུན་སྐྱོད་དང་དར་རྒྱས་ཀྱི་ལམ་དུ་ཆས། དེ་ལྟར་ཆུ་བོའི་བཞུར་རྒྱུན་ལྟ་བུའི་ལོ་རྒྱུས་འཕེལ་རིམ་དུ་བོད་རིགས་དང་མི་རིགས་གཞན་དག་བར་དཔལ་འབྱོར་དང་ཆབ་སྲིད། རིག་གནས་སོགས་གང་ཅིའི་ཐད་ནང་འདྲེན་དང་བརྗེ་རེས་ཟམ་མི་ཆད་པར་བྱུང་།

         གནའ་རྫས་མང་བོ་དང་རིགས་གཞུང་ཞིབ་འཇུག་གི་བདེན་དཔང་ལྟར་ན། ལོ་ངོ་ཁྲི་ཕྲག་གཅིག་ལྷག་གི་སྔ་རོལ་དུ། མདོ་དབུས་མཐོ་སྒང་གི་མཐའ་མཚམས་ས་ཁུལ་དང་། འབྲི་ཆུ་དང་རྨ་ཆུའི་སྟོད་བར་བཞུར་རྒྱུད་དུ་བོད་དང་རྒྱ་སོགས་མི་རིགས་དུ་མའི་མེས་པོ་རྣམས་ཀྱིས་མཉམ་དུ་འཚོ་བ་རོལ་ཞིང་། མཐུན་སྒྲིལ་གྱི་ལག་རྡང་གཅིག་ཏུ་སྦྲེལ་ནས་ལོ་དང་ཟླ་བ་ཡུན་གྱིས་བསྐྱལ། སྤྱི་ལོ་དུས་རབས་7པར། ཐང་རྒྱལ་རབས་དང་གཉེན་འབྲེལ(རྒྱ་བཟའ་ཀོང་ཇོ་དང་གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས)བཙུགས་ཤིང་། ཐང་བོད་མནའ་འབྲེལ་གྱི་རྡོ་རིང་ཐེངས་གཉིས་སུ་བཞེངས་ཏེ། རྒྱ་བོད་ཀྱི་དབོན་ཞང་འབྲེལ་བའི་མཛའ་བརྩེ་ཟམ་མི་ཆད་པར་དར་རྒྱས་སུ་སོང་སྟེ། ཐང་བོད་ནི་ཆུ་དང་འོ་མ་འདྲེས་པ་བཞིན་ཁྱིམ་ཚང་གཅིག་ཏུ་བརྩེ་བའི་རྣམ་པ་བཟང་བོ་ཆགས། ཀྲུང་གོ་གསར་བས་བོད་ལྗོངས་ལ་ཞི་བས་བཅིངས་འགྲོལ་བཏང་བ་དང་། བོད་རང་སྐྱོང་ལྗོངས་དང་དེ་མིན་སི་ཁྲོན་དང་མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཀྱི་ས་ཆ་སོ་སོར་བོད་རིགས་རང་སྐྱོང་ཁུལ་འཕྲོ་རིམ་འཕྲོར་དངོས་སུ་བཙུགས། སྒྱུར་བཅོས་སྒོ་འབྱེད་བྱས་རྗེས་དཔལ་འབྱོར་དང་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་བཟང་དུ་གྱུར་ཅིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཇུས་ཆོད་དང་བཀོད་སྒྲིག་གལ་ཆེན་དག་དོན་ཐོག་ཏུ་འཁྱོལ་བས། བོད་ཀྱི་ཡུལ་ཁག་ཀུན་ཏུ་ཁ་ལས་དགེ་ཞིང་རླུང་རྟ་དར་བ། བདེ་སྐྱིད་ཀྱི་ཡོ་ལང་རྒྱས་འདུག

དར་རྒྱས།

         ཀྲུང་གོ་གསར་བ་དབུ་བརྙེས་རྗེས། བོད་ལྗོངས་དང་དེ་མིན་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་འབྲེལ་ས་ཁུལ་དག་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་དུས་རིམ་ཞིག་ཏུ་བསླེབས་ཤིང་། སྒོས་སུ་སྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དར་རྒྱས་ཆེན་པོ་བྱུང་བ་ནི་ཀུན་གྱི་མིག་མཐོང་ལག་ཟིན་ཡིན། ལོ་ཟླ་ནི་ཟིན་བྲིས་འདེབས་མཁན་རླབས་པོ་ཆེ་ཞིག་ཡིན་ཏེ། བོད་འབྲེལ་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཟམ་མི་ཆད་པར་གཟི་དཔལ་བསྐྲུན་པའི་ལོ་རྒྱུས་འཕེལ་རིམ་ཇི་མ་ཇི་བཞིན་དུ་ཟིན་བྲིས་ལ་བཏབ་ཡོད། ལོ་ངོ་70ཡི་སྔ་རོལ་དུ་གངས་ལྗོངས་མཐོ་སྒང་དུ་སྐར་ལྔའི་དར་དམར་ཞིག་བཙུགས་ཤིང་། ལོ་ངོ་62ཀྱི་སྔ་རོལ་དུ་ཞིང་བྲན་ཁྲི་ཕྲག་བརྒྱ་ཡི་ལས་དབང་ལ་སྔ་ན་མེད་པར་འགྱུར་ལྡོག་བྱུང་སྟེ་མེས་རྒྱལ་དང་མི་རིགས་ཀྱི་བདག་པོར་གྱུར་པ་ནས། དཔལ་འབྱོར་དང་སྤྱི་ཚོགས་འགོམ་བརྒལ་རྣམ་པའི་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་འགྲུབ་པར་བྱེད་པའི་བགྲོད་ལམ་ཡངས་མོར་གོམ་པའི་སྟངས་སྟབས་བསྒྱུར་དང་སྒྱུར་བཞིན་མཆིས།

          ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་དང་དེ་མིན་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་འབྲེལ་ས་ཁུལ་ལ་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་མང་དུ་བཟོས་ཏེ། ནོར་ཁྲལ་དངུལ་ལོར་དང་རྨང་གཞིའི་སྒྲིག་ཆས། ཐོན་ལས་འཕེལ་རྒྱས། སློབ་གསོ་འཕྲོད་བསྟེན། རིག་གནས་སྲུང་སྐྱོང་། སྐྱེ་ཁམས་དཔལ་ཡོན་སོགས་ཁྱབ་ཁོངས་སོ་སོར་འབྲེལ་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་འབྲེལ་ས་ཁུལ་ལ་མ་དངུལ་གཏོང་ཚད་ལོ་རེ་བཞིན་ཇེ་མང་དུ་སོང་ཞིང་། དུས་སྐབས་མི་འདྲ་བར་ཕུགས་རིང་འཕེལ་རྒྱས་དང་མི་དམངས་འཚོ་བའི་ལས་གཞི་དང་རྣམ་གྲངས་གལ་ཆེན་མང་པོ་འཕྲོ་རིམ་འཕྲོར་བཀོད་སྒྲིག་བྱས་ཏེ། བོད་འབྲེལ་ས་ཁུལ་གྱི་མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་འགྱུར་ཆེན་པོ་བྱུང་ཡོད་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་མུ་མཐུད་དུ་ཇེ་དྲག་ཏུ་སོང་ཡོད།

          ད་ལྟ། བོད་འབྲེལ་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀུན་ནས་ཇེ་བཟང་དུ་གྱུར་པ་དང་། སྔོན་ཆད་ཀྱི་དབུལ་རྫོང་དང་དབུལ་སྡེ་རེ་རེའི་དབུལ་ཞྭ་རྒྱང་དུ་དོར་ནས་གྲོང་གསེབ་དར་རྒྱས་ཀྱི་ལམ་དུ་ཆས་ཡོད། དེ་བས་རྨང་གཞིའི་སྒྲིག་བཀོད་སྔར་བས་ཇེ་བཟང་ཇེ་ལེགས་སུ་སོང་ཞིང་། སྐྱེ་ཁམས་བདེ་འཇགས་སྒྲིབ་དངོས་སྔར་བས་སྲ་བརྟན་དུ་གྱུར་པ། མདོ་དབུས་ཁམས་གསུམ་དུ་སྐྱེ་སྟོབས་ཀྱི་གསོན་ཤུགས་རབ་ཏུ་འབར་བའི་རྣམ་པ་རླབས་ལྟར་འཕྱུར་ཅིང་མེ་ལྟར་འབར།

འཕོ་འགྱུར།

          ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག བོད་ལྗོངས་དང་དེ་མིན་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་འབྲེལ་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་གྱི་བསམ་པ་གཅིག་ཏུ་མཐུན་ཞིང་དཀའ་སྤྱད་འབད་བརྩོན་བགྱིས་ཏེ། ཡུན་རིང་དུ་ཐག་གཅད་པར་འདོད་ཀྱང་ཐག་མ་ཆོད་པའི་དཀའ་གནད་མང་པོ་ཐག་བཅད་པ་དང་། སྔོན་ཆད་བསྒྲུབ་པར་འདོད་ཀྱང་མ་འགྲུབ་པའི་དོན་ཆེན་མང་དུ་འགྲུབ་པས། ལས་རིགས་སོ་སོ་ཀུན་ནས་ཡར་ཐོན་བྱུང་ཞིང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། སློབ་གསོ་དང་འགྲིམ་འགྲུལ། སྨན་བཅོས། དབུལ་བྲལ་སོགས་དམངས་འཚོར་འབྲེལ་བའི་ཁྱབ་ཁོངས་རེ་རེར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། འཛམ་གླིང་ཡོངས་ཧ་ལས་ཤིང་། བོད་འབྲེལ་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་མཆིས།

         དེང་སང་། བོད་ལྗོངས་དང་དེ་མིན་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་འབྲེལ་གྱི་ཁུལ་དང་རྫོང་མང་བོར་མཁའ་ལ་འཕུར་བའི་གནམ་གྲུ་དང་། ས་ལ་རྒྱུག་པའི་མེ་འཁོར་དང་རླངས་འཁོར་ཡོད་པས་རང་རེའི་རྒྱལ་ཁབ་མ་ཟད། འཛམ་བུ་གླིང་གི་རྒྱལ་ཁབ་གང་དུ་འགྲོ་དགོས་ཀྱང་གློག་ཞགས་ལས་མྱུར་ཅིང་རྒོད་པ་ཞིག་རེད་ལ། དེ་མིན་ཕལ་ཆེར་ཡུལ་ཚོ་རེ་རེར་སྣུམ་ལམ་དང་སྡེ་བ་རེ་རེར་ཨར་འདམ་ལམ་དང་འཕྲུལ་རྨོ་ལམ་ཤར་གཏོང་བྱུང་ཡོད་པས། སྔོན་ཆད་ལུག་གི་རྒྱུ་མ་ལྟ་བུའི་རྐང་ལམ་ཕྲ་མོ་རེ་དེད་ནས། རྟ་ཁེལ་དྲེལ་ཁེལ་འདེད་ཞོར་ལམ་ཐག་རིང་མོ་གཏམ་གྱིས་གཅོད་པའི་གཏམ་རྒྱུད་མཇུག་རྫོགས་འདུག གྲུབ་འབྲས་དེ་འདྲ་ཆེན་པོ་ཐོབ་པ་ནི། ཏང་དང་རྒྱལ་ཁབ་ཀྱིས་ལོ་ངོ་བཅུ་ཕྲག་དུ་མར་གྲོན་དངུལ་མང་བོ་བཏང་བ་དང་འབྲལ་ཐབས་མེད། ཀྲུང་གོ་ལ་མཚོན་ན་གྲོན་དངུལ་དེ་འདྲ་མང་བོ་བཏང་བ་ནི་སྔ་ན་མེད་པ་ཞིག་རེད་ལ། དེང་གི་འཛམ་གླིང་ཡོངས་ལ་བསྡུར་ནའང་ཧ་ཅང་མཐོང་དཀོན་པ་ཞིག་ཀྱང་རེད།

        སྔོན་ཆད། རྩམ་སྐྱ་ཁམ་བུ་གང་གིས་ལུས་ཟུངས་གསོ་ཐབས་ཙམ་ཨེ་འཁྱོངས་བལྟ་བ་ནས། དེང་སང་། ཟས་རང་འགྲུབ་དང་གོས་རང་འགྲུབ་ཡིན་ལ། ཅི་བསམ་ཅི་འདོད་ཀྱི་བདེ་སྐྱིད་འཚོ་བ་རོལ་བཞིན་ཡོད་ལ། སློབ་གྲྭ་མེད་པ་ནས་ཡོད་པ། དེ་ནས་སློབ་གྲྭ་བཟང་བོར་འགྲོ་ཐུབ་པར་གྱུར་པས། དབྱར་གཞུང་དུ་སྤང་ཐང་ལ་བཞད་པའི་མེ་ཏོག་བཞིན། ཡོན་ཏན་པའི་སྡེ་ཁྲ་ལམ་མེར་བཀྲ་ཤིང་། བློ་གྲོས་དང་སྟོབས་ཤུགས་རེ་རེ་སྤྱི་ཚོགས་ཡར་སྐུལ་ཡར་འདྲེན་གྱི་རྟ་ལྕག་ལྟ་བུར་གྱུར་ཟིན་པས། མདུན་སྐྱོད་ཀྱི་ལམ་ཁ་འོད་ཀྱིས་དྲངས་ཤིང་གོམ་ཁ་བརྟན། ཕ་མེས་ཡང་མེས་ཚོས་བཤད་ན། གལ་ཏེ་མི་འདོད་ནད་ཀྱིས་བཟུང་ན། དམངས་ཁྲོད་ཀྱི་ལག་ཐབས་ཙམ་བསྟེན་པ་དང་དཀོན་མཆོག་ལ་སྐྱབས་འཇུག་ཞུ་བ་ཡིན་ལ། སྨན་རིལ་རེའམ་ཡང་ན་སྨན་ཐུམ་རེ་རྙེད་ན་རབ་ཡིན་ཟེར། དེང་སང་། གྲོང་ཁྱེར་དང་རྫོང་མཁར་གྱི་སྨན་ཁང་གི་ལག་རྩལ་དང་ལྟ་དཔྱད་སྒྲིག་ཆས་སོགས་ཀྱི་ཆ་རྐྱེན་སྨྲོས་མ་དགོས་ལ། ཐ་ན་ཡུལ་ཚོ་རེ་རེ་ལའང་ལག་རྩལ་དང་སྒྲིག་ཆས་འཛོམས་པའི་འཕྲོད་བསྟེན་ཁང་རེ་ཡོད་པས། རང་ཁྱིམ་གྱི་ར་སྒོ་ལས་བུད་མ་ཐག་ནད་ཡོད་ན་སྨན་པར་བསྟན་ཐུབ་ལ། སྨན་བཅོས་འགྲོ་སོང་ལའང་འགན་ལེན་ཡོད་པས་སྨན་ཡོན་ལ་སེམས་ཁྲལ་མི་དགོས། དེ་བས། ཆུང་བྱིས་པ་རྣམས་ལ་གཉོམ་ལག་རྒྱས་པ།འབྲིང་དར་མ་རྣམས་ལང་ཚོ་སྨིན་པ། རྒན་ལོ་ལོན་རྣམས་ཚེ་ཐག་རིང་འདུག དེ་ལྟར་སྤྱི་ཚོགས་ཀྱི་བྱ་གཞག་རེ་རེ་ཡར་ངོའི་ཟླ་ལྟར་འཕེལ་བ་དང་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་དར་རྒྱས་སུ་སོང་སྟེ། དུས་ཐུང་ལོ་ངོ་བཅུ་ཕྲག་དུ་མའི་རིང་ལ། ལོ་ངོ་སྟོང་ཕྲག་བརྒལ་བ་ལྟར་བོད་འབྲེལ་ས་ཁུལ་རྗེས་ལུས་ནས་ཡར་ཐོན་དང་དབུལ་ཕོངས་ནས་འབྱོར་ཕྱུག སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་འབྱེད་དུ་དར་ནས། བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་རྣམ་པར་འཕོ་འགྱུར་ཆེན་པོ་བྱུང་།

གྲུབ་འབྲས།

        སྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། ཏང་ཀྲུང་དབྱང་གིས་སྔ་གཞུག་ཏུ་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་7པར་འཚོགས་ཏེ། བོད་ལྗོངས་ལས་ཀར་ཇུས་ཆོད་དང་བཀོད་སྒྲིག་གལ་ཆེན་བཏོན་ཡོད། དུས་རབས་གསར་བར་བསླེབས་རྗེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་ལ་ཧ་ཅང་མཐོང་ཆེན་མཛད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་ནས་བོད་ལྗོངས་ལས་དོན་ལ་ཁ་ཕྱོགས་བསྟན་ཞིང་ཇུས་འགོད་ཐུགས་བཀོད་གནང་སྟེ། རྒྱལ་ཁབ་སྐྱོང་ན་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་ན་ངེས་པར་དུ་བོད་ལྗོངས་བརྟན་བརླིང་ཡིན་དགོས་ཞེས་པའི་འཐབ་ཇུས་བསམ་བློ་བཏོན་པ་དང་། མི་རིགས་མཐུན་སྒྲིལ་ལ་བརྩོན་པ་བགྱིས་ཏེ། མཛེས་སྡུག་གི་བོད་ལྗོངས་འཛུགས་སྐྲུན་བྱེད་ཅེས་པའི་མཛུབ་སྟོན་གལ་ཆེན་གནང་། སྐུ་དངོས་ནས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་གཙོ་འགན་བཞེས་ཏེ། གནས་བབ་གསར་བའི་འོག་གི་བོད་ལྗོངས་ལས་དོན་གྱི་མཛུབ་སྟོན་བསམ་བློ་དང་དམིགས་འབེན་ལས་འགན་གསལ་བོར་བཀོད་ཅིང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་སྐོར་ཞིག་གཏན་ལ་ཕབ་པ། བོད་འབྲེལ་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག བོད་འབྲེལ་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་གྱི་བསམ་པ་གཅིག་ཏུ་མཐུན་པ་དང་དཀའ་སྤྱད་འབད་བརྩོན་བགྱིས་ཏེ། ལས་རིགས་སོ་སོ་ཀུན་ནས་ཡར་ཐོན་བྱུང་ཞིང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་དེ། བོད་ཀྱི་སྐད་དང་ཡི་གེ་རྒྱ་ཆེར་བེད་སྤྱད་པ། ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་པ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལེགས་པོ་བྱས་པ། ཆོས་ལུགས་དད་མོས་རང་དབང་འགན་ལེན་བྱས་པ། མི་རིགས་ཆོས་ལུགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ། མི་རིགས་ཀྱི་མངའ་ཁོངས་རང་སྐྱོང་ལམ་ལུགས་ཀུན་ནས་ལག་ཏུ་བསྟར་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྔར་བས་བརྟན་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཅིག་གྱུར་དུ་སྐུལ་མ་བཏང་བ། སྐྱེ་ཁམས་ཁོར་ཡུག་ལེགས་པོར་སྲུང་སྐྱོང་བྱས་པ། རང་བྱུང་གི་འཇིགས་པ་སྣ་ཚོགས་ལས་རྒྱལ་ཁ་བླངས་པ། རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་བརླིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ལྗོངས་ཀྱི་བརྟན་བརླིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་པ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་རྒྱུན་འཁྱོངས་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་གསར་བ་བཏོད་པ། གཟི་འོད་འབར་བའི་གྲུབ་འབྲས་ཀྱིས་ཀུན་ལ་སྐུལ་མ་ཐེབས་ཤིང་། མ་འོངས་པར་ཡིད་ཆེས་བརྟན་པོ་འཆང་ཡོད།

མདུན་ལམ།

          རླུང་གིས་བསྐྱོན་པའི་དྲག་རླབས་འཕྱུར་བ་བཞིན།།དཔའ་མཛངས་རབ་རྒྱས་མདུན་ལམ་འོད་ཀྱིས་འདྲེན།། ལག་ལེན་ལས་ར་སྤྲོད་པ་ལྟར་ན། མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་རྒྱུན་བསྐྱངས་ན། ད་གཟོད་བོད་འབྲེལ་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་འགན་ལེན་ཐུབ་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ཀྱི་མངའ་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་བསྐྱངས་ན། ད་གཟོད་བོད་འབྲེལ་ས་ཁུལ་གྱི་ཡུན་རིང་བདེ་འགོད་དང་དར་ཞིང་རྒྱས་པར་རྩ་བའི་འགན་ལེན་བྱེད་ཐུབ། སྒྱུར་བཅོས་སྒོ་འབྱེད་རྒྱུན་བསྐྱངས་ན། ད་གཟོད་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་ནས་ཡར་དུ་འཕེལ་བར་སྐུལ་མ་གཏོང་ཐུབ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་བསྐྱངས་ན། ད་གཟོད་བོད་འབྲེལ་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་འཆང་བའི་རེ་སྨོན་བསྐང་ཐུབ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་རྒྱུན་བསྐྱངས་ན། ད་གཟོད་མཐུན་སྒྲིལ་དང་འབྱོར་ཕྱུག ཡ་རབས། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ཁམས་གསར་བ་འཛུགས་སྐྲུན་བྱེད་ཐུབ།

         ད་ལྟ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག བོད་འབྲེལ་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་བཀོད་རླབས་པོ་ཆེ་ལྟར་དུ། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཀུན་ནས་དོན་འཁྱོལ་བྱེད་བཞིན་ཡོད་ལ། མཐུན་སྒྲིལ་གྱི་བསམ་པ་གཅིག་ཏུ་མཐུན་པ་དང་འབད་འཐབ་ཡར་བརྩོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། བོད་འབྲེལ་ས་ཁུལ་གྱི་མ་འོངས་པར་སྔར་བས་ཀྱང་གཟི་འོད་ཆེམ་ཆེམ་དུ་འབར་སྲིད་ཅིང་། བོད་འབྲེལ་ས་ཁུལ་གྱི་མི་དམངས་ཀྱི་འཚོ་བ་སྔར་བས་ཀྱང་བདེ་ཞིང་སྐྱིད་ངེས།།

རྩོམ་སྒྲིག་པ། གཡུ་འཛོམས།