ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའིཚོགས་ཆེན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས།

རྩོམ་པ་པོ།   དུས་ཚོད།   2021-07-05   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ལི་ཁེ་ཆང་གིས་གཙོ་འགན་བཞེས་པ་དང་། ལི་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་སོགས་ཚོགས་ཆེན་ལ་ཞུགས།

           ལོ་བརྒྱའི་སྔོན་ལ། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ཏེ། བདེན་ལུགས་རྒྱུན་འཁྱོངས་དང་ཕུགས་བསམ་མཐའ་འཁྱོངས། བསམ་འདུན་ལག་བསྟར་དང་འགན་འཁྲི་ཁག་ཁུར། རང་སྲོག་བློས་གཏོང་ཕོད་པ་དང་དཔའ་ངར་ཆེན་པོས་འཐབ་འཛིང་། ཏང་ལ་བློ་དཀར་བ་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་གྲུབ་པར་བྱས་པ་དེ་ནི། ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན། ལོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱས་པ་དང་། ཡུན་རིང་གི་འབད་འཐབ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་མ་ལག་བསྐྲུན་པ་དང་། མངོན་པར་གསལ་བའི་ཆབ་སྲིད་ཀྱི་རང་གཤིས་སྦྱོང་བརྡར་བྱས། ལོ་རྒྱུས་ཀྱི་ཆུ་རྒྱུན་ལ་ཆད་པ་མེད་པ་བཞིན་སྙིང་སྟོབས་ཀྱང་ཚེ་ཚེ་རབས་རབས་སུ་རྒྱུན་འཛིན་བྱེད་དགོས་པས། ང་ཚོས་གཟི་བརྗིད་ཀྱི་གོམས་སྲོལ་མུ་མཐུད་དུ་དར་སྤེལ་དང་དམར་པོའི་ཁྲག་རྒྱུན་གྱི་རྗེས་བསྐྱངས་ཏེ། དུས་གཏན་དུ་རླབས་ཆེ་བའི་ཏང་བཙུགས་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས།

         ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ།ལོ་བརྒྱའི་བཞུད་ལམ་ཟིལ་ཤུགས་རྔམ་བརྗིད་ལྡན།།ལོ་བརྒྱའི་ཀུན་སློང་འགྱུར་མེད་རྟག་ཏུ་བརྟན།།ཟླ་7་ཚེས་1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས། ལས་རིགས་སོ་སོའི་འཐུས་ཚབ་པ་ཁྲི་བདུན་ལྷག་མཛད་སྒོ་རྒྱ་ཆེན་པོར་ཞུགས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་དགའ་སྟོན་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། འདས་ཟིན་པའི་ལོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཁྱད་དུ་འཕགས་པའི་རྒྱུགས་ལན་སྤྲད་ཡོད། ད་ལྟ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་སྤྲོད་ཀྱི་ལམ་དུ་ཡང་བསྐྱར་ཞུགས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་རླབས་ཆེན་བྱ་གཞག་གཉེར་རྒྱུའི་སེམས་ཐག་བཅད་ཡོད་ལ། ལོ་བརྒྱ་ཐམ་པ་ནི་ལང་ཚོའི་དུས་སྐབས་ཡིན། འདས་སོང་ལ་ཕྱིར་ལྟ་དང་མ་འོངས་པར་རྒྱང་ལྟ་བྱས་ཚེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བརྟན་པོ་ཡོད་པ་དང་། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་དམ་པོ་ཡོད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱ་ངེས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ངེས།

         ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱི་ཚབ་མཛད་དེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་ནས། ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་ཧྭའི་ས་གཞི་ཆེན་མོ་རུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱས་པ་དང་། རྩ་བ་རང་བཞིན་གྱི་དབུལ་ཕོངས་གནད་དོན་ལོ་རྒྱུས་རང་བཞིན་གྱིས་ཐག་བཅད་ནས། སྤོབས་པ་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་ལ། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་གཟི་བརྗིད་ཡིན་པ་དང་། འདི་ནི་ཀྲུང་གོ་མི་དམངས་ཀྱི་རླབས་ཆེ་བའི་གཟི་བརྗིད་ཡིན་ལ། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེ་བའི་གཟི་བརྗིད་ཡིན་ཞེས་བརྗིད་ཉམས་ཆེན་པོས་བསྒྲགས།

          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་གཙོ་འགན་བཞེས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཀྲན་ཧྲུའུ་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་སོགས་ཚོགས་འདུར་ཞུགས།

         ཀྲུང་ཧྭའི་ནོར་འཛིན་ཡངས་པོར་དགའ་བའི་དཔལ་གྱིས་ཁེངས་ཤིང་བཀྲ་ཤིས་དགེ་མཚན་རྒྱས། རྒྱལ་ས་པེ་ཅིང་དུ་མེ་ཏོག་གི་ཚོམ་བུ་བཀྲ་ཞིང་དར་ཆ་ལྷབ་ལྷུབ་སྐྱོད། རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ། ཉེ་རབས་ཀྱི་རྗེས་སུ་དཀའ་སྡུག་ཡུན་རིང་མྱངས་པའི་ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་ནས་ཕྱུག་པོར་གྱུར་པ་དང་། དེ་ནས་སྟོབས་ལྡན་དུ་འགྱུར་པའི་རླབས་ཆེན་མཆོང་སྐྱོད་བསུས་ཡོད་ལ། ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་སྤོབས་པ་ཆེར་སྐྱེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་མདུན་སྐྱོད་ཀྱི་ལམ་དུ་བགྲོད་བཞིན་ཡོད།

        གནམ་བདེ་སྒོ་མོ་ཆེའི་མཁར་སྒོའི་ལྕོག་ཁང་རྔམ་ཞིང་བརྗིད་ལ། མཁར་གྱང་དམར་པོའི་དཀྱིལ་དུ་མའོ་ཙེ་ཏུང་གི་ཚོན་ལྡན་སྐུ་པར་ཆེན་པོ་བཀལ་ཡོད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་བརྗིད་ཆགས་ཀྲོང་ངེར་འགྱིང་ཡོད། དྲན་གསོའི་རྡོ་རིང་གི་བྱང་ལོགས་སུ། དཔངས་ལ་སྨི་7.1 དང་ཞེང་ལ་སྨི་7.1 ཅན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང“1921”དང“2021”ཅེས་པའི་ཨང་ཀི་གསལ་བོར་མཐོང་འོང་། ཐང་ཆེན་གྱི་ཤར་ནུབ་ལོགས་གཉིས་སུ། དར་དམར་བརྒྱ་ཐམ་པ་ལྷབ་ལྷུབ་ཏུ་སྐྱོད་བཞིན་ཡོད།

        བར་སྣང་ནས་མར་བལྟས་ཚེ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི“གྲུ་གཟིངས་ཆེན་མོའི་འགྲུལ་བཞུད”ཅེས་པའི་བཟོ་དབྱིབས་དེ་རྔམ་བརྗིད་ཤིན་ཏུ་ཆེ་ལ། རྦ་རླབས་ཤུགས་ཀྱིས་བརྒལ་ཞིང་རླུང་གཡོར་མཐོ་རུ་སྒྲེང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མ་འོངས་པའི་ཕྱོགས་སུ་འབད་པས་སྐྱོད་བཞིན་ཡོད།

        རྟེན་འབྲེལ་ཞུ་བའི་ཚོགས་ཆེན་མགོ་མ་བརྩམས་གོང་། ཚོགས་ར་ཡོངས་སུ《བསྟོད་གླུ་ཏང་ལ་འབུལ》ཞེས་པ་དང་། 《ང་ཚོ་ལམ་ཆེན་དུ་སྐྱོད》ཅེས་པ། 《གནམ་ས་གསར་པ》ཞེས་པ། 《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པ་སོགས་ཀྱི་གླུ་སྐད་སྙན་མོ་སྐད་གསེང་མཐོན་པོས་བླངས་ནས། ཏང་ལ་བཅངས་པའི་དགའ་ཞེན་དང་སྨོན་འདུན་མཚོན་པར་བྱས།

         སྔ་དྲོའི་དུས་ཚོད་7 དང་སྐར་མ་53 སྟེང་། དགའ་སྤྲོའི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གནམ་བདེ་སྒོ་མོ་ཆེའི་མཁར་སྒོའི་ལྕོག་ཁང་གི་ཀྲུའུ་ཞི་སྟེགས་བུར་ཕེབས་པ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

         བྱ་རྒོད་གཤོག་ཟུང་ནམ་མཁའི་དབྱིངས་སུ་བརྐྱངས། ། སྟོང་བའི་དབྱིངས་སུ་འཕུར་སྐྱོད་ལྡིང་སྐོར་བྱས། ། དུས་ཚོད་7དང་སྐར་མ55 སྟེང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་འཐབ་འཛིང་གནམ་གྲུ་71བར་སྣང་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཕྱོགས་སུ་འཕུར་ནས། ཏང་ལ་གུས་འདུད་ཞུས་པ་དང་། མེས་རྒྱལ་ལ་གུས་འདུས་ཞུས་ཤིང་། མི་དམངས་ལ་གུས་འདུད་ཞུས།

བར་སྣང་དར་སྲུང་གནམ་གྲུ་རུ་ཁག་གིས་འཕུར་སྐྱོད་བྱས་ཏེ་རྟེན་འབྲེལ་འཁྲབ་སྟོན་གྱི་སྒོ་འཕར་ཕྱེས། གྱེན་འཕུར་གནམ་གྲུ་ལྔ་ཡི་སྟེང་དུ་སོ་སོར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དང“རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”                “རླབས་ཆེ་བའི་ཀྲུང་གོ་མི་དམངས་ཁྲི་ལོར་བརྟན་པར་ཤོག” “རླབས་ཆེ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲི་ལོར་བརྟན་པར་ཤོག” “རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་ཁྲི་ལོར་བརྟན་པར་ཤོག”ཅེས་བྲིས་པའི་འཕྲེད་ཡིག་བཀལ་ནས་མདུན་དུ་འཕུར། དེའི་རྗེས་སུ་གྱེན་འཕུར་གནམ་གྲུ་དང་འཐབ་འཛིང་གནམ་གྲུས་སོ་སོར“100”དང“71”གི་ཨང་ཀིའི་དབྱིབས་སུ་བསྡེབས་ཏེ་བར་སྣང་ནས་འཕུར་ལ། ཚར་གཅོད-20རྟགས་ཅན་གྱི་གནམ་གྲུ་15ལས་གྲུབ་པའི་སྐས་རིམ་གསུམ་ལྟ་བུའི་རུ་ཁག་ཤར་མར་འཕུར་བ་དང་། ཁྲིད་སྟོན་གནམ་གྲུས་ཚོན་མདོག་གི་དུ་ལམ་རིང་མོ་ཕྱེས་པས། ལྟད་མོ་ཆེ་བའི་འཁྲབ་སྟོན་དེ་དག་ལ་མི་རྣམས་ཀྱིས་དགའ་འབོད་ཡང་ཡང་བྱས།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གློག་རྡུལ་བརྙན་ཡོལ་སྟེང་དུ“1921”དང་། “1931” “1941” སོགས་ནས“2021”བར་གྱི་ལོ་ཚིགས་རིམ་བཞིན་ཤར། དུས་ཚོད་8ཀྱི་སྟེང་། གྲུ་གཟིངས་ཆེན་མོའི་འགྲུལ་བཞུད་མཚོན་པའི་དུང་སྒྲ་གྲགས་པ་དང་བསྟུན་ནས། རྟེན་འབྲེལ་ཞུ་བའི་ཚོགས་ཆེན་མགོ་བརྩམས།

       ཚང་མ་གཟབ་ནན་ངང་ཀྲོང་ངེར་ལངས་ཤིང་། གུས་ལུགས་སྒྱོགས་མདེལ་བརྒྱ་ཐམ་པས་སྤྲིན་གྱི་བང་རིམ་བརྟོལ་བ་དང་རྒྱལ་དར་སྲུང་སྐྱོབ་རུ་ཁག་གི་དཔོན་དམག་གིས་སྐར་ལྔའི་དར་དམར་བསྲུངས་ཏེ་གོམ་སྟབས་བརྟན་པོས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་ནས་ཐང་ཆེན་བྱང་ལོགས་ཀྱི་དར་དམར་སྒྲེང་ཁུལ་དུ་བསྐྱོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཉམ་འབྲེལ་དམག་དཔུང་རོལ་མོ་ཚོགས་པས་རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་བ་དང་། ཚོགས་ར་ཡོངས་ཀྱིས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཤིང་། མིག་དབང་འཕྲོག་པའི་སྐར་ལྔའི་དར་དམར་དལ་གྱིས་ཡར་བསྒྲེངས་པས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་སྐྱོད།

      དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་མཉམ་འབྲེལ་སྒོས་ཤིས་ཚིག་བསྐུར་བ་དང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨི་ཞང་གིས་ཤིས་ཚིག་སྒྲོག་འདོན་བྱས་ཏེ། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་ལས་དོན་གྱི་སྟོབས་ལྡན་མགོ་ཁྲིད་སྲོག་ཤིང་སྟེ་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་ལ་བླ་མེད་གུས་འདུད་ཞུས་པ་དང་ལྷག་བསམ་རྣམ་དག་སྒོས་རྟེན་འབྲེལ་ཞུས་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ནས་རྒྱལ་ཁ་གསར་བ་ལེན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ངེས་ཡིན་ཞེས་བསྟན།

       གུང་གཞོན་ཚོགས་མི་དང་ལོ་ཆུང་གདོང་ལེན་རུ་མིའི་འཐུས་མིས་མཉམ་དུ་ཤིས་ཚིག་ཕུལ་ཏེ། ཏང་ལ་ལང་ཚོའི་ལེགས་སྐྱེས་ཕུལ་བ་དང“ཏང་སེམས་བདེ་བར་བྱོས་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བར་ང་ཡོད”ཅེས་པའི་དམ་བཅའ་བརྟན་པོ་བཞག

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། དེ་རིང་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྟེང་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྟེང་དུ་ཆེས་གལ་ཆེ་ཞིང་རྔམ་བརྗིད་ལྡན་པའི་ཉི་མ་ཞིག་ཡིན། ང་ཚོས་འདི་ནས་གཟབ་རྒྱས་ཆེ་བའི་འདུ་ཚོགས་བསྡུས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་དང་ལྷན་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱར་འབད་འཐབ་བྱས་པའི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལྗོངས་ལ་རྒྱང་ལྟ་བྱེད་ཅེས་གསུངས། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས།

      ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་རུ་གུང་ཁྲན་ཏང་བྱུང་བ་ནི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་སྒྱུར་བཅོས་ཆེན་པོ་ཞིག་ཡིན་ཏེ། ཉེ་རབས་ཀྱི་རྗེས་སུ་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འབྱུང་བའི་ཁ་ཕྱོགས་དང་འཕེལ་རིམ་ལ་སྒྱུར་བཅོས་ཆེན་པོ་བྱས་པ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་སྒྱུར་བཅོས་ཆེན་པོ་བྱས་ལ། འཛམ་གླིང་འཕེལ་རྒྱས་ཀྱི་གནས་བབ་དང་ཆགས་སྟངས་ལ་སྒྱུར་བཅོས་ཆེན་པོ་བྱས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་བརྩོན་ལེན་བྱེད་པ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལ་གཏན་འཁེལ་བྱས། ལོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་པའི་འབད་འཐབ་ཡོད་ཚད་དང་བློས་གཏོང་ཡོད་ཚད། གསར་གཏོད་ཡོད་ཚད་ནི་མདོར་བསྡུས་ན་བརྗོད་དོན་གཅིག་ཡིན་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དེ་ཡིན།

      ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁྲག་བཏོན་དམར་འཛིང་དང་སྤོབས་པ་ཞུམ་མེད་ཀྱིས་དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེའི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས་པ་དང་། རང་སྟོབས་རང་སྤེལ་དང་འབད་བརྩོན་ལྷོད་མེད་བྱས་ཏེ། སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས་ལ། བསམ་བློ་བཅིངས་འགྲོལ་དང་ཡར་བརྩོན་ལྷོད་མེད་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས་པར་མ་ཟད། རང་རྟོན་རང་འབད་དང་དག་སྲུང་གསར་གཏོད་བྱས་ཏེ་རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་ལས་དོན། རླབས་ཆེན་ཕུགས་འདུན་བཅས་གཅིག་འདོམས་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་འབྱོར་ཕྱུག་ཏུ་གྱུར་པ་དང་། དེ་ནས་སྟོབས་ལྡན་དུ་འགྱུར་པའི་རླབས་ཆེན་མཆོང་བསྐྱོད་བསུས་ཡོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་བརྗིད་ཉམས་ཆེན་པོས་ཁྱབ་སྒྲོག་བྱས།

       ཞི་ཅིན་ཕིང་གིས་བསྟན་དོན། ལོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།“རང་སྲོག་ཕངས་མེད་འདོར་བའི་བློ་སྟོབས་ལས།། སྐལ་བཟང་དུས་ཀྱི་འཇིག་རྟེན་གསར་བ་བསྐྲུན།།”ཞེས་པའི་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་སྟེང་ཆེས་རྔམ་བརྗིད་ཆེ་བའི་ལོ་རྒྱུས་སྙན་རྩོམ་ཅིག་བརྩམས་ཡོད། ལོ་བརྒྱའི་རིང་བཏོད་པའི་རླབས་ཆེན་བགྲོད་ལམ་དང་། བསྐྲུན་པའི་རླབས་ཆེན་བྱ་གཞག བླངས་པའི་རླབས་ཆེན་གྲུབ་འབྲས་བཅས་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དང་མིའི་རིགས་ཀྱི་ཤེས་རིག་གོང་འཕེལ་གྱི་ལོ་རྒྱུས་དེབ་ཐེར་དུ་འགོད་ངེས་ཡིན།

      ཞི་ཅིན་ཕིང་གིས་བསྟན་དོན། ལོ་བརྒྱའི་རིང་ལ་ང་ཚོས་བླངས་པའི་གྲུབ་འབྲས་མཐའ་དག་ནི་ཀྲུང་གོ་གུང་ཁྲན་ཏང་མི་དང་ཀྲུང་གོ་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན། བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་རྨིན། བློ་མཐུན་ཧུའུ་ཅིན་ཐའོ་བཅས་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཀྱི་ཆེད་དུ་ལོ་རྒྱུས་དེབ་ཐེར་དུ་བཀོད་པའི་མཛད་རྗེས་རླབས་ཆེན་བསྐྲུན་ཡོད་པས། ང་ཚོས་ཁོང་ཚོར་བླ་ན་མེད་པའི་གུས་འདུད་ཞུ།

      ཞི་ཅིན་ཕིང་གིས་བསྟན་དོན། སྐབས་འདིར་ང་ཚོས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ཆེད་དང་། ཀྲུང་གོ་གུང་ཁྲན་ཏང་འཛུགས་པ་དང་སྲ་བརྟན་དུ་གཏོང་བ། འཕེལ་རྒྱས་གཏོང་བའི་ཆེད་དུ་བྱས་རྗེས་གལ་ཆེན་བཞག་པའི་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་། ཁྲེན་ཡུན་སོགས་གསར་བརྗེའི་རྒན་རབས་པ་རྣམས་སྙིང་ནས་དྲན་ཞིང་། ཀྲུང་གོ་གསར་བ་འཛུགས་པ་དང་། སྲུང་སྐྱོབ། འཛུགས་སྐྲུན་བཅས་ཀྱི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་ཆེད་དཔའ་ངར་ཆེན་པོས་རང་སྲོག་ཕུལ་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་སྙིང་ནས་དྲན་ལ། ཉེ་རབས་ནས་བཟུང་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་འཐོབ་ཆེད་དཀའ་སྤྱད་འབད་འཐབ་བྱས་པའི་སྤྱོད་བཟང་འདུན་ཆེའི་མི་སྣ་ཡོངས་སྙིང་ནས་དྲན། ཁོང་ཚོས་མེས་རྒྱལ་དང་མི་རིགས་ཀྱི་ཆེད་དུ་བཞག་པའི་རླབས་ཆེན་མཛད་རྗེས་དག་དུས་ནམ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་དུ་འགོད་སྲིད་པ་དང་། ཁོང་ཚོའི་བླ་ན་མེད་པའི་སྙིང་སྟོབས་དེ་ནམ་ཡང་མི་དམངས་ཀྱི་སེམས་སུ་བརྟན་པོར་འཛིན་ངེས།

      ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་དཔའ་བོ་ངོ་མ་ཡིན། ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་པ། ཤེས་ལྡན་མི་སྣ་བཅས་དང་། དམངས་གཙོའི་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ་དང་ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག སྤྱི་བདེ་ལས་བྱེད་པ་དང་ཉེན་རྟོག་པ། ཉེན་སེལ་མྱུར་སྐྱོབ་དཔུང་ཁག་གི་བཀོད་འཐབ་པ་བཅས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་ཡོངས་དང་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་སྤུན་ཟླ། དེ་བཞིན་རྒྱ་ཆེའི་ཕྱིར་སྡོད་རང་མི་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུས་པ་ཡིན། ཀྲུང་གོའི་མི་དམངས་དང་མཛའ་མཐུན་མཉམ་གནས་དང་། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་ཁག་གི་མི་དམངས་དང་གྲོགས་པོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།

       ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐོག་མའི་བསམ་འདུན་ནི་ཐོབ་སླ་ཡང་། ཐོག་མཐའ་བར་གསུམ་དུ་བསྲུང་དཀའ། ལོ་རྒྱུས་མེ་ལོང་དུ་བཟུང་ན་དར་རྒུད་ཤེས་ཐུབ་པས། ང་ཚོས་ལོ་རྒྱུས་ལ་བརྟེན་ནས་དོན་དངོས་དང་རྒྱང་རིང་གི་འབྱུང་འགྱུར་ལ་ལྟ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་སྔོན་ཆད་ང་ཚོས་རྒྱལ་ཁ་ལེན་ཐུབ་དོན་གང་ཡིན་པ་གསལ་བོར་ཤེས་པ་དང་། འབྱུང་འགྱུར་ང་ཚོས་ཇི་ལྟར་བྱས་ན་མུ་མཐུད་དུ་རྒྱལ་ཁ་ལེན་ཐུབ་པ་གསལ་བོར་ཤེས་པར་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་གསར་པའི་སྟེང་སྔར་ལས་འགྱུར་མེད་དང་སྔར་ལས་རང་རྟོགས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱེད་དགོས། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་གསར་གཏོད་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཏང་གི་འགོ་ཁྲིད་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་སྟེ། ཏང་གིས་སྤྱི་ཡོངས་ལ་འགོ་འཁྲིད་པ་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མཛེས་སྡུག་གི་འཚོ་བའི་ཆེད་དུ་འབད་འཐབ་བྱེད་པ་དང་། མི་དམངས་ལ་རྒྱབ་བརྟེན་ནས་ལོ་རྒྱུས་གསར་སྐྲུན་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་བྱེད་པ། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་བཏང་ནས། མིའི་ཁྱོན་ཡོངས་འཕེལ་རྒྱས་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་བསྒྱུར་བའི་ཐད་གྲུབ་འབྲས་མངོན་གསལ་ལེན་པར་སྐུལ་འདེད་གཏོང་དགོས། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པ་དང་ཀྲུང་གོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། མར་ཁེ་སི་རིང་ལུགས་སྤྱད་དེ་དུས་རབས་ལ་ལྟ་ཞིབ་བྱེད་པ་དང་དུས་རབས་ལ་རྒྱུས་ལོན་བྱེད་པ། དུས་རབས་ལ་སྣེ་ཁྲིད་བྱས་ཏེ། མུ་མཐུད་དུ་དེང་རབས་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་སུ་གཏོང་དགོས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་ཆོད་རྒྱུན་འཁྱོངས་བྱེད་པ། རང་ཉིད་ཀྱིས་བདམས་པའི་བགྲོད་ལམ་སྟེང་མགོ་བོ་ཡར་དགྱེས་ནས་གོམ་སྟབས་ཆེན་པོས་བསྐྱོད་དེ། ཀྲུང་གོ་དར་རྒྱས་གོང་འཕེལ་གཏོང་བའི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་མགྱོགས་མྱུར་སྒོས་དེང་རབས་ཅན་དུ་བསྒྱུར་བ་དང་། དུས་རབས་གསར་བའི་ཏང་གི་དམག་སྤེལ་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་མི་དམངས་དམག་དཔུང་ཐད་ཀྱི་འགྱུར་མེད་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། མི་དམངས་དམག་དཔུང་དེ་འཛམ་གླིང་གི་སྤུས་ལེགས་དམག་དཔུང་དུ་འཛུགས་སྐྲུན་བྱས་ཏེ། ནུས་པ་སྔར་ལས་ཆེན་པོ་དང་བྱེད་ཐབས་སྔར་ལས་བརྟན་པོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་དགོས།ངེས་པར་དུ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་རྒྱལ་བཅས་ཀྱི་དར་ཆ་མཐོ་རུ་སྒྲེང་བ་དང་། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་པ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་བསྐྲུན་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ལོ་རྒྱུས་ཀྱི་རྩིབས་སྟོང་འོད་སྟོང་ལྡན་པའི་དམིགས་འབེན་གྱི་ཕྱོགས་སུ་འཁོར་བར་བྱེད་དགོས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་སྤེལ་ཏེ། ཉེན་ཚབས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུ་དང་དུས་རྣམ་ཀུན་ཏུ་བདེ་སྡོད་ཉེན་བསམ་བྱེད་པ། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་བཀོད་འདོམས་བྱེད་པ། རི་ལ་འཕྲད་ན་ལམ་བཏོད་པ་དང་ཆུ་དང་འཕྲད་ན་ཟམ་པ་འཕེན་པ། ཉེན་ཁའི་འགྲན་རྩོད་ཅི་རིགས་ལས་རྒྱལ་ཕོད་པར་བྱེད་དགོས། ངེས་པར་དུ་ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ཆེན་པོར་ཤུགས་བསྣན་ནས། ཀྲུང་ཧྭའི་བུ་དང་བུ་མོས་སེམས་ཕྱོགས་གཅིག་ཏུ་སྒྲིལ་བ་དང་ཤུགས་ཕྱོགས་གཅིག་ཏུ་འདོན་པའི་གསོན་ཉམས་ལྡན་པའི་རྣམ་པ་གྲུབ་པར་བྱས་ཏེ། མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྡུད་དགོས། ངེས་པར་དུ་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་བར་མེད་དུ་གཏོང་བ་དང་། ལྕགས་རྡུང་བར་ལུས་ལ་ཤུགས་དགོས་པའི་གནས་ལུགས་ཡིད་ལ་ངེས་པར་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་དོན་དུས་ནམ་ཡང་དམ་དུ་འཛིན་པའི་ཆབ་སྲིད་རང་རྟོགས་ཇེ་དྲག་ཏུ་བཏང་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཏང་འདི་ཉིད་འགོ་ཁྲིད་སྲོག་ཤིང་བརྟན་པོ་རུ་འགྱུར་བར་ཁག་ཐེག་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་བས་ཞང་ཀང་སྐྱོང་བ། ཨའོ་མིན་པས་ཨའོ་མིན་སྐྱོང་བ། ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་བཅས་ཆ་ཚང་ཞིང་ཡང་དག་པར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གིས་ཞང་ཀང་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྱོན་ཡོངས་ཀྱི་བདག་སྐྱོང་དོ་དམ་དབང་ཆ་དོན་འཁྱོལ་བྱས་ཏེ། ཞང་ཀང་དང་ཨའོ་མིན་གྱི་དུས་ཡུན་རིང་བོའི་དར་རྒྱས་བརྟན་འཇགས་སྲུང་འཛིན་བྱེད་དགོས། ཀྲུང་གོ་གཅིག་གི་རྩ་དོན་དང་དགུ་གཉིས་ཐུན་མོང་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། མེས་རྒྱལ་ཞི་བའི་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་དང་བཅས་པའི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མདུན་སྐྱོད་བྱས་ཏེ། ཐེ་ཝན་རང་བཙན་གྱི་ལྐོག་ཇུས་རྩ་གཏོར་རྦད་ཆོད་བཏང་ནས། མི་རིགས་བསྐྱར་དར་གྱི་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས། མི་ཡིན་ཡང་ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་དང་བློ་རྩ་བརྟན་པོ། ནུས་སྟོབས་ཆེན་པོ་བཅས་ལ་མཐོང་ཆུང་བྱེད་མི་རུང་།

       ཞི་ཅིན་ཕིང་གིས་བསྟན་དོན། མ་འོངས་པ་ནི་ན་གཞོན་ཚོར་དབང་ལ་རེ་བའང་ན་གཞོན་ཚོར་བཅོལ་དགོས། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ཏེ། ཀྲུང་གོ་བ་ཞིག་བྱེད་པའི་བློ་རྩ་དང་ལ་རྒྱ། གཏིང་ཤུགས་བཅས་ཇེ་དྲག་ཏུ་གཏོང་བ་དང་། དུས་རབས་ལ་ངོ་མི་གནོང་མི་དགོས་པ་དང་། ལང་ཚོ་སྟོང་ཟད་དུ་མི་གཏོང་བ། ཏང་དང་མི་དམངས་ཀྱི་རེ་ལྟོས་སྟོང་ཟད་དུ་མི་གཏོང་བ་བཅས་བྱེད་དགོས།

       ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འདས་ཟིན་པའི་ལོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཁྱད་དུ་འཕགས་པའི་རྒྱུགས་ལན་སྤྲད་ཡོད། ད་ལྟ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་སྤྲོད་ཀྱི་ལམ་དུ་ཡང་བསྐྱར་ཞུགས་ཡོད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་ཕུགས་བསམ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་དགོངས་དོན་ལག་བསྟར་བྱེད་པ། ཐོག་མཐའ་བར་གསུམ་དུ་ མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་གི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་བསམ་པ་དང་མི་དམངས་དང་མཉམ་དུ་སྒྲུབ་པ། དཀའ་ངལ་མཉམ་སེལ་དང་སྐྱིད་སྡུག་མཉམ་མྱོང་བྱེད་པ། མུ་མཐུད་དུ་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྙེག་མངོན་འགྱུར་ཡོང་བར་འབད་པ་ལྷོད་མེད་བྱས་ཏེ། ཏང་དང་མི་དམངས་ལ་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་དགོས།

      ཞི་ཅིན་ཕིང་གི་གསུང་བཤད་མཇུག་སྒྲིལ་སྐབས། ཚང་མ་ཡར་ལངས་པ་དང་། ཚོགས་ར་ཡོངས་སུ་དུས་ཡུན་རིང་བོར་ཐལ་མོ་རྡེབ་སྒྲས་ཁེངས། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་སྒྲའི་ཁྲོད་མཇུག་སྒྲིལ།

      སེམས་ཤུགས་ཆེ་རུ་བསྐྱེད་པའི་རོལ་དབྱངས་དང་བསྡོངས་ནས་ཚོགས་ར་ཡོངས་ཀྱིས《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་གླུ་དབྱངས་སྐད་གསེང་མཐོན་པོས་བླངས། ཞི་བདེའི་ཕུག་རོན་དཀར་མོ་འབུམ་གཅིག་བར་སྣང་དུ་འཕུར་བ་དང་ཚོན་མདོག་རྣམ་པར་བཀྲ་བའི་དབུགས་ལྒང་འབུམ་གཅིག་བར་སྣང་དུ་བཏང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་རིགས་སོ་སོའི་མང་ཚོགས་ཀྱིས་གནམ་བདེ་སྒོ་མོ་ཆེའི་མཁར་སྒོའི་ལྕོག་ཁང་གི་ཕྱོགས་སུ་དགའ་འབོད་དང་གུས་འདུད་ཞུས། ཞི་ཅིན་ཕིང་སོགས་ཀྱིས་དེར་ཡོད་ཚང་མར་ཕྱག་བརྡ་བཏང་ནས་གུས་འདུད་ཞུས། ལྕོག་ཁང་གི་གོང་འོག་བར་གསུམ་དུ་མཛའ་བརྩེའི་འོ་ཆུ་གཅིག་འདྲེས་ཀྱི་གསེར་ཟམ་ཞིག་ངང་གིས་གྲུབ་ལ། ཐང་ཆེན་ཕྱི་ནང་ཀུན་ཏུ་དགའ་བ་འབུམ་གྱི་མཚོ་མོ་བསྐྱིལ་ནས། མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་དང་མེས་རྒྱལ་དང་འཛམ་གླིང་གི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུས།

       པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་དང་། བློ་མཐུན་རྒན་པའི་འཐུས་མི། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་། ཁེ་ལས། མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་ལས་ཁུངས་སོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་ཨུ་ཡོན་དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི། ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན། རྒྱལ་ཁབ་ལྟ་ཨུའི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞང་ཀང་དང་ཨའོ་མིན། ཐེ་ཝན་བཅས་ཀྱི་སྤུན་ཟླ། ཕྱིར་སྡོད་རང་མིའི་འཐུས་མི། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གི་པེ་ཅིང་དུ་ཡོད་པའི་ཨུ་ཡོན། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་པེ་ཅིང་དུ་ཡོད་པའི་ལག་བསྟར་ཨུ་ཡོན་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན། རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་དཔེ་ལེགས་གཟི་བརྗིད་མཚན་སྙན་ཐོབ་མཁན། རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན། མཁའ་འགྲུལ་དཔའ་བོ་དང་དཔའ་མཛངས་ལྡན་པའི་མཁའ་འགྲུལ་བའི་མཚན་སྙན་ཐོབ་མཁན། རྒྱལ་ཡོངས་ཀྱི་སྔོན་ཐོན་མིག་དཔེ་མི་སྣའི་འཐུས་མི། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བ་གཙོ་བོ། པེ་ཅིང་དུ་ཡོད་པའི་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། རྒྱལ་ནང་དུ་ལོག་པའི་ཕྱི་འགྲིམས་སློབ་མའི་འཇོན་མིའི་འཐུས་མི་ཕུལ་བྱུང་ཅན། ཚེ་འདས་བློ་མཐུན་རྒན་པ་ཁ་ཤས་ཀྱི་ཁྱིམ་མི། སྔོན་གཤེགས་དཔའ་བོ་དང་གཞུང་དོན་དུ་སྐུ་གཤེགས་པའི་མི་སྣའི་ཁྱིམ་མི། གཟི་བརྗིད་ངང་ཏང་ནང་དུ་ཞུགས་ནས་ལོ་ལྔ་བཅུ་འགོར་བའི་རྗེས་དྲན་གཟེངས་རྟགས་ཐོབ་མཁན་གྱི་འཐུས་མི། ཉིས་སྟོང་ཉེར་གཅིག་ལོར་ཏང་ནང་དུ་ཞུགས་པའི་ཏང་ཡོན་གསར་བའི་འཐུས་མི། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་འཐུས་མི། རྒྱལ་ཡོངས་ཀྱི་གཟིགས་སྐྱོང་བྱེད་ཡུལ་གཙོ་བོ། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་ཀྱི་           འཐུས་མི། པེ་ཅིང་བཅའ་སྡོད་དམག་དཔུང་གི་དཔོན་དམག་གི་འཐུས་མི་བཅས་ཚོགས་ཆེན་ལ་ཞུགས།

       པེ་ཅིང་དུ་ཡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། ཕྱི་རྒྱལ་གྱི་ཆེད་མཁས་པ་བཅས་གདན་དྲངས་པ་ལྟར་ཚོགས་ཆེན་ལ་ཞུགས།

རྩོམ་སྒྲིག་པ།  ཚེ་པེ།