ཤིང་ཏོག་འདིའི་རིགས་ཟོས་ན་ཁྲག་མངར་དམའ་བའི་ནད་འབྱུང་སླ།

རྩོམ་པ་པོ།   དུས་ཚོད།   2021-07-01   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

         མིག་སྔར་ནི་ཤིང་ཏོག་ལི་ཀྲི་ཚོང་རར་འདོན་པའི་དུས་ཚིགས་ཡིན་ཞིང་། ཤིང་ཏོག་ལི་ཀྲི་བྲིན་ཁ་རྒྱུག་པ་དང་བསྟུན་ནས། དེ་དང་འབྲེལ་ཡོད་ཀྱི་གནད་དོན་ལའང་དོ་ཁུར་བྱེད་དགོས་ཀྱི་ཡོད། དཔེར་ན། ཤིང་ཏོག་ལི་ཀྲི་ཟས་རྗེས་རླངས་འཁོར་བཏང་ན་ཆང་བཏུངས་རྗེས་རླངས་འཁོར་གཏོང་བའི་རིགས་ཡིན་པ་ཤེས་རྟོགས་ཐུབ་པ་དང་། ཤིང་ཏོག་ལི་ཀྲི་ཟ་རྒྱུ་མང་ན་ལི་ཀྲིའི་ནད་འབྱུང་སླ་བ་སོགས་བཤད་ཚུལ་ཡོད་པས། འདི་དག་ལ་གཞི་འཛིན་ས་ཡོད་དམ། 

ཅི་ཞིག་ལ་ལི་ཀྲིའི་ནད་ཟེར།  དེར་ནད་རྟགས་གང་དག་ཡོད།

     ཤིང་ཏོག་ལི་ཀྲི་ཟ་རྒྱུ་མང་ན་ལི་ཀྲིའི་ནད་འབྱུང་སྲིད་དམ།  ལི་ཀྲིའི་ནད་ནི་དོན་དངོས་སུ་ཅི་ཞིག་རེད།  དེར་ནད་རྟགས་གང་དག་ཡོད། 

     ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་འབྱུང་རྩའི་གསར་འགྱུར་གྱི་རིགས་གཅིག་མཁས་ཅན་མཛོད་ཀྱི་ཁོངས་མི། ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཚན་རིག་ཁྱབ་གདལ་ཡན་ལག་མཐུན་ཚོགས་ཀྱི་འགན་སྒུག་ཀྲུའུ་རིན་ཨུ་ཡོན་ཀྲུའུ་དབྱི་རྨིན་གྱིས། ལི་ཀྲིའི་ནད་ཟེར་བ་ནི་དོན་དངོས་ཐོག་དེང་རབས་གསོ་རིག་གིས་ཁྲག་མངར་དམའ་བའི་ནད་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དམིགས་བསལ་མི་ཚོགས་ཀྱིས་ཤིང་ཏོག་ལི་ཀྲི་ཟོས་རྗེས་ནད་གཞི་དེ་རིགས་ཐོན་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། གང་དེའི་ནད་རྟགས་གཙོ་བོ་ནི་འཇུ་ལམ་མི་བདེ་བ་སོགས་དང་ཚབས་ཆེ་ན་ཁྲག་མངར་དམའ་བ་དང་།  ཁྲག་མངར་དམའ་བའི་དབང་གིས་རྩ་འཁུམ་པ་དང་དྲན་པ་ཤོར་བ་སོགས་ཀྱི་ནད་རྟགས་ཐོན་སྲིད། 

མི་གང་དག་ལ་ལི་ཀྲིའི་ནད་འབྱུང་སླ་པོ་ཡོད་དམ། 

        རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལི་ཀྲིའི་ནད་ཕོག་པའི་མི་ཚོགས་མང་ཆེ་བ་བྱིས་པ་ཡིན་པ་དང་། ལོ་4ནས་11བར་གྱི་བྱིས་པ་ཚོས་ལི་ཀྲི་ཟ་རྒྱུ་མང་དྲགས་ན་ལི་ཀྲིའི་ནད་ཕོག་སླ་བས་བྱིས་པས་ལི་ཀྲི་ཟ་རྒྱུར་ཟབ་ཟབ་བྱེད་དགོས། 

        རིགས་གཅིག་མཁས་པས་ད་དུང་ཤིང་ཏོག་ལི་ཀྲིའི་ཀ་རའི་འདུས་ཚད་ཅུང་མཐོ་བས། ལུས་སྟེང་གི་གཤེར་མའི་ཕུང་རྩི་ཇེ་མཐོར་འགྲོ་སྲིད་པས། གཤེར་མའི་ཕུང་རྩིར་ཁྲག་མངར་དམའ་རུ་གཏོང་བའི་ནུས་པ་ལྡན་ཡོད། མི་ལུས་ལ་ལྟོ་སྟོང་གི་གནས་ཚུལ་འོག ཁྲག་མངར་ནི་རྒྱུན་ལྡན་ལས་དམའ་པོ་ཡོད། གལ་ཏེ་ཤིང་ཏོག་ལི་ཀྲི་མང་པོ་ཟོས་ན། ཁྲག་མངར་ཇེ་དམའ་རུ་འགྲོ་བས། ལུས་ཕུང་ལ་གནོད་འཚེ་ངེས་ཅན་ཞིག་ཐེབས་སྲིད། གྲོད་པ་སྟོང་པར་ཤིང་ཏོག་ལི་ཀྲི་ཟས་ནའང་ཡག་པོ་མེདརེད། 

ཤིང་ཏོག་ལི་ཀྲི་བཟས་རྗེས་རླངས་འཁོར་བཏང་ན་ཆང་བཏུངས་ནས་རླངས་འཁོར་བཏང་བ་ཡིན་པ་ཤེས་སམ། 

         མི་ཁ་ཤས་ཀྱིས་ཤིང་ཏོག་ལི་ཀྲི་བཟས་རྗེས་རླངས་འཁོར་བཏང་ན་ཆང་བཏུངས་རྗེས་རླངས་འཁོར་བཏང་བ་ཡིན་པ་ཤེས་ཀྱི་ཡོད་ཅེས་བརྗོད་ཀྱི་ཡོད། རིགས་གཅིག་མཁས་པས།    ཤིང་ཏོག་ལི་ཀྲིའི་ནང་མངར་ཆ་འདུས་ཚད་ཅུང་མཐོ་པོ་ཡོད་པས། ཐུམ་སྒྲིལ་སྐྱེལ་འདྲེན་བྱེད་སྐབས་གསོ་རླུང་མེད་པའི་རྫས་འགྱུར་འགྱུར་འབྱུང་ཐོན་ནས་ཨ་རག་ཉིང་ཁུ་ཐོན་གྱི་ཡོད། ཤིང་ཏོག་ལི་ཀྲི་བཟས་རྗེས། ཁ་ནང་གི་ཕྲ་སྲིན་དང་སྡེབ་པའི་དབང་གིས་རྩབས་ལས་ཆང་བཅུད་ཐོན་སྲིད། འོན་ཀྱང་ཤིང་ཏོག་ལི་ཀྲི་བཟས་རྗེས་རླངས་འཁོར་བཏང་བ་དང་དང་ཆང་ངོ་མ་བཏུངས་ནས་རླངས་འཁོར་བཏང་བ་གཉིས་ངོ་བོའི་ཐོག་ནས་མི་འདྲ་བས། ཤིང་ཏོག་ལི་ཀྲི་བཟས་རྗེས་ཆུ་འཐུང་ནས་ཁ་འཁྲུས་ན་གནད་དོན་དེ་རིགས་ཐོན་གྱི་མེད། 

ཤིང་ཏོག་ལི་ཀྲིའི་ཡང་དག་པའི་ཟ་ཐབས་ནི་གང་འདྲ་ཡིན་ནམ་ཞེ་ན། 

      ཤིང་ཏོག་ལི་ཀྲིའི་ཡང་དག་པའི་ཟ་ཐབས་གང་འདྲ་ཡིན་ནམ། དེར་དོ་སྣང་བྱེད་དགོས་ས་བཞི་ཡོད་དེ། 

     གཅིག སྨིན་ཚར་བའི་ཤིང་ཏོག་ལི་ཀྲི་ཟ་བ། 

     གཉིས། ཚད་རན་པོ་ཟ་བ་ནི་རྩ་བ་ཡིན། 

     གསུམ། གྲོད་པ་སྟོང་པར་ཟ་མི་ཉན་པ། 

     བཞི། གཅིན་པ་མངར་འགྱུར་གྱི་ནད་དང་གྲུམ་བུའི་ནད། འཇུ་ལམ་མ་ལག་གི་ནད་རིགས་སོགས་ཡོད་པའི་དམིགས་བསལ་མི་ཚོགས་ཀྱིས་ཉུང་ཙམ་ཟ་དགོས་པ་བཅས་ཡིན། 

རྩོམ་སྒྲིག་པ། གཡུ་འཛོམས།