ཞིང་ཆེན་སློབ་གསོ་ཐིང་གིས་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་སྤུས་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་པར་འགྲེམས་བྱས།

རྩོམ་པ་པོ།   གྲགས་པ་བསྟན་འཛིན་གྱིས་སྒྱུར་སྒྲིག་བྱས།དུས་ཚོད།   2021-03-30   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཉེ་ཆར། ཞིང་ཆེན་སློབ་གསོ་ཐིང་གིས《སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་སྤུས་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི་མཛུབ་ཁྲིད་བསམ་འཆར》

          པར་འགྲེམས་བྱས་ནས་ཚད་གཞི་ལས་མི་བརྒལ་བ་དང་། ཁྲིད་བྱ་སྔོན་དུ་ཚད་ལས་བརྒལ་བར་མི་འཁྲིད་པ་དང་། ཕན་འབྲས་ཆུང་ལ་བསྐྱར་ཟློས་ཀྱི་རྒྱུགས་གཞི་མང་པོ་མི་འབྲི་བ་དང་། སློབ་ཚན་གྲོལ་རྗེས་ཀྱི་ལས་བྱ་ལུགས་མཐུན་ངང་སྟངས་འཛིན་བྱེད་དགོས་པ་སོགས་ཀྱི་བླང་བྱ་བཏོན།

        《མཛུབ་ཁྲིད་བསམ་འཆར》ལས། སློབ་ཁྲིད་དུས་སུ་སློབ་ཁྲིད་ཀྱི་འཆར་གཞི་ལག་བསྟར་ནན་བོ་བྱས་ནས་ཚད་བརྒལ་གྱི་སློབ་ཁྲིད་བྱེད་མི་ཆོག་པ་དང་། སློབ་མའི་སློབ་སྦྱོང་གི་ཁུར་པོ་ཡང་དུ་གཏོང་དགོས་པ་དང་། སློབ་ཁྲིད་ཀྱི་ནང་དོན་དེ་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་སློབ་མའི་འཚོ་བ་དངོས་ཀྱི་ཉམས་མྱོང་གཉིས་དང་དམ་པོར་འབྲེལ་ནས། སློབ་མའི་འཚོ་བ་དང་སློབ་མའི་ཤེས་རྟོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པའི་དོན་དངོས་ཀྱི་གནས་བབ་གསར་འཛུགས་བྱས་ཏེ། སྦྱངས་བའི་ཤེས་བྱས་གོ་ཆོད་པ་དང་དོན་དངོས་ཀྱི་གནད་དོན་ཐག་གཅོད་པའི་འདུ་ཤེས་དང་ནུས་པ་རིམ་བཞིན་ཆེ་རུ་གཏོང་དགོས་བའི་རེ་བ་བཏོན།

          སྐར་གྲངས་ཁོ་ན་གཙོར་འཛིན་པའི་ལྟ་བ་དོར་ནས་སློབ་མའི་སློབ་སྦྱོང་གི་ནུས་པ་གསོ་སྐྱོང་བྱེད་པ་དང་། བསམ་གཞིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསར་གཏོད་ཀྱི་འདུ་ཤེས་བསྐྱེད་པ། གསར་གཏོད་ཀྱི་ནུས་པ་ལྡན་པ་བཅས་བྱེད་དགོས་པ་དང་། དགེ་རྒན་གྱིས་དམིགས་ཡུལ་ཡོད་པ་དང་། འཆར་གཞི་ཡོད་པ། རྩ་འཛུགས་ཡོད་པ་བཅས་ཀྱི་སྒོ་ནས་ཁྲིད་སྟོན་དང་། སློབ་མ་ལྟེ་བར་འཛིན་པའི་སློབ་ཁྲིད་ཀྱི་རྣམ་པ་གསར་བ་བཀོལ་ནས་སློབ་མ་ལ་རང་མོས་ངང་སློབ་སྦྱོང་བྱེད་པའི་གོམས་གཤིས་ཆགས་པར་བྱ་དགོས།

        སློབ་མར་ཚད་ལེན་ཚོད་ལྟ་བྱེད་སྐབས་སྐར་གྲངས་ཁོ་ནར་ལྟ་བའི་ཕྱོགས་ལྷུང་མེད་པར་བྱས་ནས་སློབ་མའི་རང་གཤིས་འཕེལ་རྒྱས་ཀྱི་དགོས་མཁོར་དོ་ཁུར་དང་། སློབ་མ་རེ་རེའི་ཁྱད་ཆོས་ཤེས་རྟོགས་བྱེད་པ། སློབ་མར་རང་ཉིད་ཀྱི་ཁྱད་ཆོས་ཤེས་རྟོགས་བྱེད་རོགས་བཅས་བྱེད་དགོས།

         ལས་བྱ་བཀོད་སྒྲིག་གི་རེ་འདུན་ཡང་《མཛུབ་ཁྲིད་བསམ་འཆར》ནང་གཏན་འབེབས་གསལ་བོ་བྱས་ཡོད། སློབ་གྲྭས་ལས་བྱའི་སྤུས་ཚད་དང་དེ་མིན་ལས་བྱའི་ཁ་གཏད་རང་བཞིན་ཆེ་རུ་བཏང་ནས་སློབ་མས་རྨང་གཞིའི་ཤེས་བྱའི་ལས་བྱ་ཡག་པོ་བསྒྲུབ་པར་སྐུལ་འདེད་གཏོང་དགོས། འོས་འགན་སློབ་གསོའི་དུས་མཚམས་སུ་ལག་ལེན་རང་བཞིན་གྱི་ལས་བྱ་སྒྲུབ་པར་ཤུགས་སྣོན་པ་དང་། མཐོ་འབྲིང་གི་དུས་མཚམས་སུ་རྩད་ཞིབ་རང་བཞིན་དང་། ལག་ལེན་རང་བཞིན། ཕྱོགས་བསྡུས་རང་བཞིན་བཅས་ཀྱི་ལས་བྱ་ཁ་སྣོན་བྱས་ན་འོས་འཚམ་ཡིན་པར་བསྟན།

         རེ་འདུན་ལྟར་ན། སློབ་ཆུང་གི་དུས་མཚམས་སུ་ལས་བྱ་སློབ་གྲྭའི་ནང་ནས་འབྲི་ཚར་དགོས་པ་དང་། དམའ་འབྲིང་གི་དུས་མཚམས་སུ་ལས་བྱ་རྩ་གནད་ལས་མི་བརྒལ་བ་བྱ་དགོས་པ་དང་། མཐོ་འབྲིང་གི་དུས་མཚམས་སུ་ལས་བྱ་སྦྱོང་ཚན་ལས་མི་བརྒལ་བ་བཅས་བྱེད་དགོས། 《མཛུབ་ཁྲིད་བསམ་འཆར》ནང་ཁྱིམ་བདག་ལ་སློབ་མའི་ལས་བྱར་ལྟ་རྟོག་བྱེད་དུ་འཇུག་མི་རུང་ལ། ལས་བྱ་དག་བཅོས་བྱེད་དུ་འཇུག་པའམ་ཡང་ན་ལས་བྱ་འབྲི་རོགས་བྱེད་དུ་འཇུག་མི་རུང་ཞེས་ཁ་གསལ་བཏོན་ཡོད།

གཞན་ཡང《མཛུབ་ཁྲིད་བསམ་འཆར》གྱི་ནང་དུ་གློག་རྡུལ་ཐོན་རྫས་སློབ་ཁྲིད་ནང་འདྲེན་བྱེད་པར་ཚད་གཞི་ཞིབ་ཕྲ་བཟོས་འདུག དཔེར་ན་སློབ་མས་མི་སྒེར་གྱི་ཁ་པར་དང་གློག་ཀླད་སོགས་གློག་རྡུལ་ཐོན་རྫས་སློབ་ཁང་དུ་འཁྱེར་མི་ཆོག་པ། གལ་ཏེ་སློབ་གྲྭར་འཁྱེར་ན་དེ་ལ་གཅིག་གྱུར་གྱིས་བདག་གཉེར་བྱེད་དགོས་པ་དང་། གློག་རྡུལ་ཐོན་རྫས་སྤྱད་ནས་སློབ་ཁྲིད་བྱེད་སྐབས་གློག་རྡུལ་ཐོན་རྫས་སྤྱོད་པའི་དུས་ཡུན་སློབ་ཁྲིད་ཀྱི་དུས་ཡུན་གྱི་བརྒྱ་ཆ་30ལས་མི་བརྒལ་བ་བྱེད་དགོས་པ་དང་རྩ་དོན་ཐོག་ལས་བྱ་འབྲི་དེབ་ཏུ་འབྲི་དགོས་པར་བསྟན།

རྩོམ་སྒྲིག་པ། གཡུ་འཛོམས།