རྩོམ་པ་པོ།   ནོར་བུ་ཚེ་རིང་།དུས་ཚོད།   2021-02-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།
རྨི་ལམ་གྱི་ས་བོན།
འདི་ནས་འབུས་ཤིང་མེ་ཏོག་བཞད་།
ངོ་མཚར་ཆེ་བའི་གནའ་བོའི་ས་གཞི་འདི་ནི་འཛམ་ཐང་མི་དམངས་ཀྱི་སེམས་ཁོང་དུ་གནས་པའི་རྟག་བརྟན་གྱི་གནས་མཆོག་ཡིན་ལ། ལོ་ངོ་སྟོང་ཕྲག་རིང་ཁོ་ཚོ་འདི་གར་འཚོ་སྡོད་བྱེད་ཀྱིན་ཡོད།
ཁོ་ཚོས་གནས་འདིར་དཔྱིད་རྨོད་སྟོན་བསྡུ་བྱེད་ཅིང་། ཚེ་ཚེ་རབས་རབས་སུ་ཡུལ་འདི་སྲུང་ཞོར་རང་ཉིད་ཀྱི་རྣམ་དག་གི་བརྩེ་བ་བསྟིམས་ཡོད།
འཛམ་ཐང་།
སུ་ཞིག་འཛམ་ཐང་དུ་སླེབས་དུས། འཛམ་ཐང་བའི་ས་ཆེན་དང་རང་བྱུང་ཁམས་ལ་བཅངས་པའི་བརྩེ་བ་དྲོན་མོས། རྩྭ་རྩེའི་བསིལ་བ་ཡང་བརྩེ་བའི་ནེམ་གྱིས་ཉི་འོད་ཀློང་དུ་ཁྲ་ཀྱིག་གེར་གནས་ཡོད་པས། སྐབས་འདིར་ཁྱེད་ཀྱིས་མཐོང་བ་ནི་མཛེས་སྡུག་དང་རང་བྱུང་མཉམ་གནས་ཀྱི་འཛམ་ཐང་བའི་སེམས་པ་ཡིན་ལ། ཞིབ་ཏུ་བལྟས་ན་དེའི་ཕག་ཏུ་ཡིབས་པའི་བླ་ན་མཐོ་བའི་རིག་གནས་ཀྱི་དཔའ་གདེངས་ཀྱང་ཉམས་སུ་མྱོང་ཐུབ།
དཔྱིད་རླུང་འཛམ་ཐང་ལ་རྒྱུ་ན།
ཁྱེད་རང་རྫི་བོའི་གླིང་བུར་སྤྲུལ་ནས་སྐྱེ་དངོས་ཀྱི་འཚར་སྟོབས་དབྱངས་ལ་བརྒྱུས་ཆོག
སྦྲང་ཆར་འཛམ་ཐང་ལ་བབས་ན།
ཁྱོད་རང་ཆུ་ཕྲན་དུ་བརྫུས་ནས་དྭངས་གསལ་གསལ་གྱི་སེམས་པ་མོ་ལ་བསྟན་ཆོག
འཛམ་ཐང་།
རྫ་སུལ་གྱི་དིང་གླིང་ཁེར་འབུད་དེ་ཁྱེད་ཡིན་ནམ།
རི་གཤམ་གྱི་རྫི་གླུ་ཁེར་ལེན་དེ་ཁྱེད་ཡིན་ནམ།
དུས་ཚིགས་ཀྱི་འཁོར་འགྲོས་རེ་རེ་ལས།
ཁྱེད་ཀྱི་པང་དུ།
བཤད་མི་ཚར་བའི་སྲིད་པའི་གཏམ་རྒྱུད་མང་པོ་ལྷོད་ཀྱིས་འབབ་དུས།
ཐ་ན་རི་གྲོང་གི་དུ་ཞགས་ཕྲ་མོ་ཡང་།
རྒྱལ་ཁམས་པའི་སེམས་ཀྱི་གཟུང་འཛིན་མ་ཡིན་ནམ།
འཛམ་ཐང་ནི་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན་པ་ལས། རང་བྱུང་ཁམས་ཡོད་ཚད་འཛམ་ཐང་མིན།
གལ་ཏེ། རང་བྱུང་ཁམས་ཡོད་ཚད་འཛམ་ཐང་ལྟ་བུར་ཡིད་འོང་གིས་གནས་ཚེ།
སུ་ཞིག་གིས་འཛམ་ཐང་བློས་གཏོང་མི་ཐུབ་བམ།
འབྲི་མོའི་ངུར་སྒྲ་ལྷས་ར་ལ་འཁྱིལ་དུས།
བུ་མོའི་བཞོ་དབྱངས་མཁའ་མཐའ་ལ་འཐེན་དུས།
སྤྲིན་པས་རྒྱང་འགྲུལ་གྱི་གོམ་མཚམས་བཞག་ནས།
ཁྱེད་དང་ང་ཡི།
ད་དུང་། གཞོན་ནུ་མའི་སེམས་པ་ཁྱེར་ཏེ།
ས་མཐའི་རྫི་བོ་ཁེར་རྐྱང་གི་ཕྱོགས་སུ་ཡང་བསྐྱར་ལམ་དུ་ཆས་དུས།
དངོས་ཡོད་ལས་བརྒལ་བའི་སྣང་བརྙན་ཞིག་གིས།
མ་གཞི་འཇིག་རྟེན་ནི་ཅི་འདྲའི་དྲོད་ཁོལ་ལྡན་པ་ཞིག་ཡིན་པ་ཤེས་ཐུབ།
འཛམ་ཐང་།
ཁྱེད་ཀྱི་པང་དུ་ཡོད་ཚད་ལ་རྣམ་ཤེས་ཡོད་ལ།
བརྩེ་བའི་དྲོད་ཁོལ་གྱིས་གཏམས་ཡོད།
རྩོམ་སྒྲིག་པ། ཚེ་པེ།