སྲིད་པའི་སྒྲོག་གྲོལ།

རྩོམ་པ་པོ།   རྟོགས་ལྡན་འབར་གས།དུས་ཚོད།   2021-02-04   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རླུང་ལ་གཤོག་པ་ཐོགས་ཏེ།།

སེམས་ཀྱི་སྨུག་པ་གཏོར་སོང་།།

ཟླ་འོད་ཞེ་ལ་མེད་ཀྱང་།།

ཚིག་གསུམ་བཤད་པ་དྲན་འོང་།།

རི་ལ་གྲིབ་མ་འཁོར་ནས།།

རི་གླུ་སང་སང་ཤོར་སོང་།།

རྫ་ཆུ་དལ་འབབ་རིང་མོས།།

ཞེན་ཆགས་གནང་བ་མཐའ་མེད།།

དབྱིངས་ལ་ཁ་བ་བབས་ཏེ།།

ཡིད་ཀྱི་ཉི་མ་གཞོམ་སོང་།།

མཛེས་པའི་མེ་ཏོག་དཀར་པོ།།

ཆར་གྱིས་ཉིལ་བ་དེ་ཙམ།།

སྤང་ལ་རྩ་ཕྲན་རྒྱས་ནས།།

འཇའ་ཚོན་རྒྱང་ལ་ཆས་སོང་།།

གཡུ་མདོག་གོས་ལ་ཅན་པོས།།

འགྱོད་གདུང་དར་རྒུད་བསླངས་སོང་།།

ཟིལ་བ་ཁྲོམ་ཁྲོམ་ངོས་ལ།།

རྐང་བ་འཇོག་འདོད་མ་བྱུང་།།

ཆུ་ཐིགས་ཆར་བས་འཇོམ་པ།།

ན་ཟུག་དེ་ཙམ་རྒོད་སོང་།།

སྲིད་པའི་མེ་ཏོག་སེར་ཆེན།།

གནམ་ལ་བཏེགས་པ་བྱུང་ཡང་།།

ས་ཡི་སྒལ་ཚུགས་ནག་པོས།།

བཀྲག་མདངས་རྒྱས་པ་མ་གནང་།།

རྩོམ་སྒྲིག་པ། གཡུ་འཛོམས།