ཏོག་གསར་འགོག་ཁབ་རྫུན་མ་འཚོང་མཁན་མི་80ལྷག་འཛིན་བཟུང་བྱས་འདུག

རྩོམ་པ་པོ།   དུས་ཚོད།   2021-02-03   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

         སྤྱི་བདེ་ལས་ཁུངས་ཀྱིས་དོགས་ཡོད་ཉེས་ཅན་80ལྷག་འཛིན་བཟུང་བྱས་ཤིང་ཏོག་གསར་གློ་ཚད་ཀྱི་འགོག་ཁབ་རྫུན་མ་3000ལྷག་གཞུང་བཞེས་བཏང་ཡོད། འགོག་སྨན་རྫུན་མ་དེ་དག་ནི་འགོག་སྨན་ལྡུག་སྣོད་དུ་སྐྱེ་ཁམས་ཚྭ་ཆུ་བླུགས་པ་འབའ་ཞིག་ཡིན།

         ཉེ་ཆར། སྤྱི་བདེ་པུས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་རིམས་འགོག་སྨན་ཁབ་དང་འབྲེལ་བ་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་བཀོད་སྒྲིག་བྱས་ཏེ། འགོག་ཁབ་རྫུན་བཟོ་རྫུན་འཚོང་དང་། ཁྲིམས་འགལ་བདག་གཉེར། ལྐོག་འདྲེན་བཅས་བྱེད་པ་དང་། འགོག་ཁབ་རྒྱག་པའི་བརྒྱུད་རིམ་ནང་ཁྲིམས་འགལ་ངང་སྨན་བཅོས་བྱེད་པ་དང་རིམས་འགོག་སྨན་ཁབ་ལ་ཁ་གཡར་ནས་ཁ་བསླུས་རྒྱག་པ་སོགས་ཀྱི་ཉེས་གསོག་བྱེད་སྤྱོད་གྲལ་བཤེར་དང་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་དང་། འགོག་ཁབ་ཞིབ་འཇུག་དང་། གསར་སྤེལ། ཐོན་སྐྱེད། འཁོར་རྒྱུག བེད་སྤྱོད་བཅས་བྱེད་པའི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་ལེན་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞབས་ཞུ་ནུས་ལྡན་བྱས་ཡོད།

         སྤྱི་བདེ་པུས་གཅིག་གྱུར་བཀོད་སྒྲིག་བྱས་པ་ལྟར། ཉེ་ཆར་ཅང་སུའུ་དང་། པེ་ཅིང་། ཧྲན་ཏུང་སོགས་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཏོག་གསར་གློ་ཚད་འགོག་ཁབ་རྫུན་བཟོ་རྫུན་འཚོང་བྱེད་པའི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་ལ། རྫུན་བཟོ་བྱ་ཡུལ་དང་རྫུན་འཚོང་འབྲེལ་ཐག་བཅད་པ་དང་དོགས་ཡོད་ཉེས་ཅན་80ལྷག་ཙམ་འཛིན་བཟུང་དང་རིམས་འགོག་སྨན་ཁབ་3000ལྷག་ཙམ་གཞུང་བཞེས་བཏང་བ་རེད། འདྲི་རྩད་ལས་ཤེས་གསལ་ལྟར་ན། 2020ལོའི་ཟླ་9པ་ནས་བཟུང་དོགས་ཡོད་ཉེས་ཅན་ཁུང་ཆེ་གེ་མོ་སོགས་ཀྱིས་འགོག་ཁབ་ལྡུག་སྣོད་དུ་སྐྱེ་དངོས་ཚྭ་ཆུ་བླུགས་ནས་ཏོག་གསར་རིམས་འགོག་སྨན་ཁབ་རྫུན་མ་བཟོས་པ་མ་ཟད། རིམ་པ་བཞིན་རིན་གོང་སྤར་ནས་ཕྱིར་འཚོང་བྱས་ཡོད་འདུག མིག་སྔར། ཁུང་ཆེ་གེ་མོ་སོགས་ཀྱིས་བཟོས་པའི་རིམས་འགོག་སྨན་ཁབ་རྫུན་མ་བཙོང་ཡུལ་ཁག་རྩད་གསལ་པོ་ཆོད་ཡོད།

         ཏོག་གསར་གློ་ཚད་འགོག་ཁབ་རྫུན་བཟོ་བྱེད་པ་སོགས་རིམས་འགོག་སྨན་ཁབ་དང་འབྲེལ་བ་ཡོད་པའི་ཉེས་གསོག་བྱེད་སྤྱོད་དེ་དག་གི་ངོ་བོ་ཤིན་ཏུ་ངན་ལ་དེའི་གནོད་འཚེ་ཧ་ཅང་ཚབས་ཆེ། སྤྱི་བདེ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་མཐའ་འཁྱོངས་ཀྱིས་རིམས་འགོག་སྨན་ཁབ་དང་འབྲེལ་བ་ཡོད་པའི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་གི་ཡོད་ལ། དུས་མཚུངས་སུ། སྲིད་འཛིན་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་ལ་གཞོགས་འདེགས་ཤུགས་ཆེན་བྱས་ནས། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་ཡོད་པ། མ་ལག་ཅན་གྱི་འགོག་ཟོན་བྱེད་པ་བཅས་ཀྱིས་ཉེས་གསོག་བྱེད་སྒོ་དེ་རིགས་ཚོད་འཛིན་དང་རྩ་མེད་བཟོ་བཞིན་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་ཆེའི་མང་ཚོགས་ཚོར་དྲན་སྐུལ་ཞུ་དོན། རིམས་འགོག་སྨན་ཁབ་ཡང་དག་པའི་ཐབས་ལམ་ནས་ཐོབ་ཐབས་བྱས་ནས་གཞན་གྱི་གཡོ་འོག་ཏུ་མི་ཚུད་པ་བྱེད་དགོས། གལ་སྲིད་རྫུན་བཟོ་རྫུན་འཚོང་སོགས་ཁྲིམས་འགལ་བྱེད་མཁན་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་ཞུ་གཏུག་བྱེད་པའམ་ཡང་ན་ཁ་པར་110བརྒྱབ་ནས་ཐེར་འདོན་གོང་ཞུ་བྱེད་དགོས།

རྩོམ་སྒྲིག་པ། གཡུ་འཛོམས།