སི་ཁྲོན་ཞིང་ཆེན་གྱི་ཆོས་ལུགས་ལས་རིགས་ཀྱིས་ལོ་སར་དུས་ཆེན་རིང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྐོར་གྱི་གྲོས་གཞི།

རྩོམ་པ་པོ།   དུས་ཚོད།   2021-01-29   རྩོམ་ཁུངས།   

ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་རིགས།

          ཉེ་ཆར། ཏོག་གསར་གློ་ཚད་འདི་ཕྱི་རྒྱལ་དུ་རྒྱུན་མཐུད་འགོས་ཁྱབ་བྱུང་ཡོད་ལ། རང་རྒྱལ་གྱི་ས་ཆ་མང་པོར་བསྟུད་མར་འདུ་འཛོམ་རང་བཞིན་གྱི་རིམས་ནད་བྱུང་བས། སྔོན་འགོག་ཚོད་འཛིན་གྱི་དུས་བབ་དང་ལས་འགན་ཛ་དྲག་ཆེ་ལ་རྙོག་འཛིང་ཡིན།  ལྷག་པར་དུ་ལོ་སར་དུས་ཆེན་ལ་ས་གནས་ཁག་གི་མིའི་འགྲོ་འོངས་བྱེད་ཚད་མང་དུ་ཕྱིན་པས་རིམས་ནད་མཆེད་པའི་ཉེན་ཁ་སྔར་བས་ཆེ་རུ་འགྲོ་བས། རང་རེའི་ཞིང་ཆེན་གྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་ལོ་སར་དུས་ཆེན་རིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བ་ནན་སྒྲུབ་དང་། ཆོས་ལུགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད། ང་ཚོས་གྲོས་གཞི་བཏོན་པ་གཤམ་ལྟར།

གཅིག རིམས་ནད་སྔོན་འགོག་གི་ཡིད་ཆེས་སྔར་བས་བརྟན་དུ་གཏོང་དགོས།

         ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བླང་བྱ་ཁག་གི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་དེང་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྙོག་འཛིང་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་འཛུགས་དགོས། 

གཉིས། རིམས་ནད་འགོག་པའི་བྱ་སྤྱོད་ལ་སྟོབས་ཤུགས་འདོན་དགོས།

         2020ལོར་རིམས་ནད་བྱུང་བ་ནས་བཟུང་། ང་ཚོས་ཁྱོན་ཡོངས་ལ་ལྟ་རྟོག་དང་། འགན་འཁྲི་འཁུར་ཕོད་པ། སི་ཁྲོན་ཡོངས་ཀྱི་མི་དམངས་དང་མཉམ་དུ་དམངས་སེམས་གཅིག་མཐུན་ཡོང་བ། དུས་ངལ་མཉམ་སེལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ནས་མི་རྣམས་ཀྱིས་དོ་སྣང་བྱེད་དགོས་པའི་རྒྱལ་ཁ་གལ་ཆེན་ཐོབ་ཡོད། ན་ནིང་ང་ཚོས་སྔོན་ལ་བློ་ཐག་ཆོད་པོས“གནས་སྐབས་མཚམས་འཇོག་གཉིས་དང་ཕྱིར་འགྱངས་གཅིག”ལག་བསྟར་བྱས་པ་དེ་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དང་། རིམས་ནད་བྱུང་ཚུན་སྔོན་འགོག་དང་ཚོད་འཛིན་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྱོན་ཡོངས་ཀྱི་དགོས་མཁོར་རང་རྟོགས་ངང་བསྟུན་དགོས་པ་དང་། རྣམ་འགྱུར་བརྟན་པོ་དང་བྱ་སྤྱོད་ནུས་ལྡན་གྱི་ཐོག་ནས་ད་ལོའི་ལོ་སར་སྐྱེལ་འདྲེན་རིང“གནས་སྐབས་མཚམས་འཇོག་གཉིས”ཀྱི་བྱེད་ཐབས་མུ་མཐུད་དུ་ལག་བསྟར་བྱས་ཏེ། 2021ལོའི་ཟླ་1ཚེས་28ཉིན་ནས་ཟླ་3ཚེས་8ཉིན་བར་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་གིས་གནས་སྐབས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་མཚམས་འཇོག་དགོས་པ་དང་། འདུ་འཛོམས་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ་དང་དམངས་སྲོལ་བྱེད་སྒོ་ཚང་མ་གནས་སྐབས་མཚམས་འཇོག་བྱེད་དགོས། ཆབས་ཅིག་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་སྣ་ཚོགས་ཁྲིམས་ལྟར་བཀག་འགོག་དང་ཞིབ་བཤེར་ཐག་གཅོད་བྱེད་དགོས།

གསུམ། རིམས་ནད་འགོག་པའི་འགན་འཁྲི་སྔར་བས་ཁ་གསལ་བཟོ་དགོས།

       《སི་ཁྲོན་ཞིང་ཆེན་གྱི་2021ལོའི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ལས་ཀའི་ཕྱོགས་སྟོན(པར་གཞི་དང་པོ)》དང《སི་ཁྲོན་ཞིང་ཆེན་གྱི་2021ལོའི་ལོ་གསར་དུས་ཆེན་རིང་གྲོང་གསེབ་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀའི་ཕྱོགས་སྟོན་སྐོར་གྱི་བརྡ་ཐོ》དང་གཏོགས་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་བླང་བྱ་ལྟར། ཆོས་ལུགས་བྱེད་སྒོ་སྤེལ་སའི་བྱེད་པོའི་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ནས་ཁོར་ཡུག་དུག་སེལ་དང་། བཟའ་བཅའི་འཕྲོད་བསྟེན། རིམས་ནད་བྱུང་ཚུལ་སྙན་ཞུ། ལས་རེས་སྲུང་བ་སོགས་ཀྱི་ལམ་ལུགས་ཁག་ལག་བསྟར་ནན་པོ་བྱེད་དགོས་པ་དང་། ལྷག་པར་དུ“རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲོད་བསྟེན་མི་སྣས”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་རིམས་འགོག་ལས་དོན་ལ་དོ་དམ་བྱེད་མཁན་ཡོད་པ་དང་རང་འགུལ་ངང་དོ་དམ་ཡག་པོ་བྱ་རྒྱུའི་འགན་ལེན་བྱེད་དགོས། དད་ལྡན་མང་ཚོགས་ཀྱིས་རང་ཉིད་འགོག་སྲུང་ཡག་པོ་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ལག་པ་ཡང་ཡང་བཀྲུ་བ་དང་ཁ་རས་བརྒྱབ་ནས་བརྟག་ཞིབ་བྱེད་པ། ཚན་རིག་དང་མཐུན་པའི་ངང་སྨན་པ་བསྟེན་རྒྱུ་མཐའ་འཁྱོངས་བྱེད་དགོས། དད་ལྡན་མང་ཚོགས་དང་ལྷག་པར་དུ་གྲོང་གསེབ་ཀྱི་དད་ལྡན་མང་ཚོགས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི“དུས་སྟོན་ཆོ་ག་སྤེལ་བ་ཕྱིར་འགྱངས་དང་། འདས་མཆོད་སྟབས་བདེ་སྒྲུབ་པ། གསོལ་སྟོན་མི་སྒྲུབ་པ”བཅས་ཀྱི་བླང་བྱར་བརྩི་སྲུང་ཞུས་ནས་གཅིག་སྡུད་རང་བཞིན་གྱི་བྱེད་སྒོ་སྣ་ཚོགས་ལ་ཚོད་འཛིན་ནན་པོ་བྱེད་དགོས།

བཞི། རིམས་ནད་འགོག་པའི་སྐོར་དྲིལ་བསྒྲགས་སྔར་བས་ཧུར་ཐག་བྱ་དགོས།

         དྲང་ཕྱོགས་ནས་གཏམ་བརྗོད་པ་རྒྱུན་འཁྱོངས། སྐད་འཕྲིན་དང་། དཔོད་ཆུང་། QQསོགས་སྨྱན་སྦྱོར་གསར་བའི་འཕྲིན་སྟེགས་བརྒྱུད་ཚན་རིག་དང་མཐུན་པའི་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་དང་། རིམས་ནད་གནས་ཚུལ་གྱི་འགུལ་རྣམ་ཆ་འཕྲིན་ཁྱབ་བསྒྲགས། ཉེ་འགྲམ་གྱི་རིམས་ནད་འགོག་བཅོས་གཏམ་རྒྱུད་ཡག་པོ་བཤད་པ། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་དྲང་བདེན་ལ་ཡིད་ཆེས་དང་དོན་དངོས་ཀྱི་བྱ་བ་སྒྲུབ་པར་ཁྲིད་སྟོན་བྱེད་པ། དྲང་བདེན་མིན་པའི་གཏམ་བརྗོད་དང་ཚུལ་མིན་ཆ་འཕྲིན་སྣ་ཚོགས་རང་འགུལ་ངང་བཀག་འགོག  དཀྲོག་གཏམ་བཟོ་བ་དང་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ་བཅས་མཐའ་གཅིག་ཏུ་བྱས་ནས་དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་སྤྱི་ཚོགས་ཀྱི་རྣམ་པ་དང་གླེང་ཕྱོགས་ཀྱི་ཁོར་ཡུག་གཏོད་དགོས།

         ཚེ་སྲོག་ནི་བླ་ན་མེད་པ་ཞིག་ཡིན། ང་ཚོས་ལག་གདང་དཔུང་སྦྲེལ་དང་། སེམས་མཐུན་ཤུགས་སྒྲིལ། ཀུན་སེམས་གཅིག་མཐུན་བཅས་བྱས་ནས་ནད་ཡམས་ལས་རྣམ་པར་རྒྱལ་བ་དང་། “རྒྱལ་གཅེས་ཆོས་གཅེས་དང་ཕ་ཡུལ་ལ་དགའ་ཞེན”བཅས་ཀྱི་བརྗིད་ཆེའི་དམ་བཅའ་ལག་ལེན་བསྟར་ཆེད་སི་ཁྲོན་ཆོས་ལུགས་ལས་རིགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ལོ།།

སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས། 

སི་ཁྲོན་ཞིང་ཆེན་ཏའོ་ལུགས་མཐུན་ཚོགས། 

སི་ཁྲོན་ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས། 

སི་ཁྲོན་ཞིང་ཆེན་གནམ་བདག་ཆོས་ལུགས་རྒྱལ་གཅེས་ཚོགས་པ། 

སི་ཁྲོན་ཞིང་ཆེན་གནམ་བདག་ཆོས་ལུགས་ཆོས་དོན་ཨུ་ཡོན་ལྷན་ཁང་། 

སི་ཁྲོན་ཞིང་ཆེན་ཡེ་ཤུ་ཆོས་ལུགས་གསུམ་བདག་རྒྱལ་གཅེས་ལས་འགུལ་ཨུ་ཡོན་ལྷན་ཁང་། 

སི་ཁྲོན་ཞིང་ཆེན་ཡེ་ཤུ་ཆོས་ལུགས་མཐུན་ཚོགས། 

2021ལོའི་ཟླ་1པའི་ཚེས་25ཉིན།