རྩོམ་པ་པོ།   གཅའ་གཉིད་དུང་། དུས་ཚོད།   2021-01-28   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།
ཟླ་བ་སྒྲོལ་མ།
ཁྱོད་ཀྱིས་ཤེས་སམ།
དེ་རིང་སྔ་མོ་ནས་ང་གཙང་འགྲམ་དུ་ཕྱིན་ཏེ།
འུ་གཉིས་ཀྱི་སེམས་ལ་ཡུན་རིང་དུ་ཉར་བའི།
ཁྱིམ་གཅིག་གི་སྨོན་ལམ་གཙང་མ་དེ།
ངས་བློ་རྣལ་དུ་ཕབ་ནས་བསྐྱར་ཟློས་བྱས་པ་ཡིན།
ཟླ་བ་སྒྲོལ་མ།
ངས་འདི་ལྟར་བྱས་ན།
གླེན་རྟགས་ཤིག་ཏུ་འདོད་མི་ཉན།
མཐོ་བའི་རི་དང་དྭངས་བའི་ཆུས།
འུ་གཉིས་ལ་མགོན་སྐྱབས་གནང་བར་ཡིད་ཆེས་བྱ་ཆོག
ཟླ་བ་སྒྲོལ་མ།
ཁྱེད་ནི་རླབས་ཆེ་བའི་ཨ་མ་ཞིག་ཡིན།
འུ་གཉིས་ཀྱི་བུ་མོར་དབྱངས་གསལ་གྱི་སྦྱོར་ཀློག་ལས་བརྩམས་ཏེ།
མར་དྲི་དང་རྩམ་དྲི་འཐུལ་བའི་རིག་གཞུང་གང་གི་བག་ཆགས་འཇོག་དགོས།
དེ་ནི་གཡོལ་དུ་མེད་པའི་འུ་གཉིས་ཀྱི་འགན་འཁྲི་ཞིག་ཡིན།
ཟླ་བ་སྒྲོལ་མ།
ངས་ཁྱེད་ལ་དེ་སྔོན་བཤད་མྱོང་།
སང་ལོའི་དབྱར་ཁར་འུ་བཟའ་མི་གསུམ་པོ།
སྦྲ་རོག་རོག་ཅིག་གི་མཆན་འོག་ནས་འཛོམས་འོང་།
ཁྱོད་མ་བུ་གཉིས་ཀྱིས་བློ་བདེ་མོར་ང་ལ་སྒུག་རོགས་ཞུ།
རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།