རྩོམ་པ་པོ།   འཛུམ་ཆུང་མ། དུས་ཚོད།   2021-01-28   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།
འཚོ་བའི་དམ་ཚིག་གི་རྨི་ལམ་སྨུག་པོ།།
ས་ཡི་དཀྱིལ་སྙིང་གི་ལྟེ་བར་བཞད་དེ།།
དགའ་སྡུག་རེས་མོས་ཀྱི་གྲུ་ཟུར་བར་ནས།།
མི་ཚེའི་འགྲུལ་བཞུད་ཀྱི་སྐྱ་ཐིག་བྲིས་སོང་།།
ལོ་ཟླའི་འཁོར་སྐྱོད་ཀྱི་རྨུ་ཐག་རིང་མོར།།
གཞིས་ཁྱིམ་ཞེ་ཐོགས་ཤིག་སེམས་པར་ལྷུང་བས།།
དབྱངས་གསལ་སོ་བཞི་དེ་ངག་ལ་བརྒྱུས་པས།།
གཡང་གི་རུ་མ་ཞིག་འཚོ་བར་འཁོར་ཡོད།།
ནས་སྙེ་མའི་མགོ་ལྕོག་ལྡེམ་སེ་ལྡེམ།།
རོང་བུ་མོའི་འཛུམ་དཀར་ཤིགས་སེ་ཤིག།
འབྲོག་རོང་བའི་འཚོ་བ་ཁ་སྤྲོད་དེ།།
ཕྱིར་དྲན་པའི་སེམས་སུ་ལྷོག་གེར་འཕྱོ།།
གཞོན་པའི་ལང་ཚོར་རེ་བའི་དབུ་ཁྱུད་བྲིས།།
རིགས་ཀྱི་ཞེན་པ་ཕུགས་ཀྱི་འདུན་མར་བཏབ།།
སྲོག་གི་དབྱངས་རྟ་མི་ཚེའི་གཏན་དུ་སྒོམ།།
ལོ་དང་ཟླ་བ་སྙིང་གི་དཀྱིལ་དུ་བསུས།།
གངས་ཀྱི་རི་ལ་དུངས་བའི་བསམ་པ་དེ།།
ལོ་ཟླས་དེད་པས་ཁ་དོག་འགྱུར་ན་ཡང་།།
གཏན་དུ་རློམ་པའི་སྙིང་གི་བྱམས་པ་དེ།།
རུས་ཀྱི་རྐང་ལ་བཏབ་པའི་རྡོ་རིང་ཡིན།།
ལས་ཀྱི་སྐུད་ལ་བརྒྱུས་པའི་ཉིན་ཞག་དེ།།
སེམས་ཀྱི་ཕྲ་ལ་བཏབ་པའི་ཟློས་གར་ཡིན།།
འཚོ་བའི་གཏམ་རྒྱུད་མངར་ཁ་སྐྱུར་གསུམ་དེ།།
མི་ཚེའི་ལམ་བུར་དྲངས་བའི་སྐྱེམས་ཆང་ཡིན།།
རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།