རྔ་བ་རྫོང་རྔ་བ་གྲོང་རྡལ་གྲོང་སྡེ་གསུམ་པས་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བགོས།

རྩོམ་པ་པོ།   དུས་ཚོད།   2021-01-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། རྔ་བ་རྫོང་རྔ་བ་གྲོང་རྡལ་གྲོང་སྡེ་གསུམ་པས་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བགོས་པ་དང་། གྲོང་སྡེ་གསུམ་པའི་སྡེ་མི་རེར་སྒོར་1895.9བགོས་ལ། སྡེ་མི་ཡོངས་ལ་བསྡོམས་པའི་སྒོར་1002925བགོས།

         ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བགོ་བའི་ཡུལ་དངོས་སུ། གྲོང་སྡེ་གསུམ་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་མ་ཀྲན་ཕིང་གིས་སྡེ་མི་ཡོངས་ལ་2020ལོར་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་འགྲོ་སོང་གི་གནས་ཚུལ་དང་2021ལོར་ཐུན་མོང་དཔལ་འབྱོར་གྱི་འཕེལ་ཕྱོགས་སོགས་བསྒྲགས་པ་དང་། ཁེ་སྤོགས་བགོ་རྒྱུ་ཡོད་པས་སྡེ་མི་ཚོའི་གདོང་ལ་འཛུམ་གྱིས་ཁེངས་ཡོད།

          ཤེས་གསལ་ལྟར་ན། 2012ལོ་ནས་བཟུང་། རྔ་བ་རྫོང་རྔ་བ་གྲོང་རྡལ་གྲོང་སྡེ་གསུམ་པས་དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་སྲིད་ཇུས་ལ་བརྟེན་ནས། ཐབ་ཆས་ཚོང་ར་དང་སླར་འབྱུང་ཐོན་ཁུངས་ཚུར་བསྡུའི་ས་ཚིགས།དམངས་ཕན་ཐོག་ཁང་བཅས་ཐུན་མོང་དཔལ་འབྱོར་གྱི་རྣམ་གྲངས་3བཙུགས། མིག་སྔའི་བར་དུ་ཐུན་མོང་དཔལ་འབྱོར་གྱི་རྣམ་གྲངས་3གྱི་ཡོང་འབབ་ལས་སྡེ་མི་རྣམས་ལ་སྒོར་ཁྲི་760ལྷག་བགོས་ཡོད་དོ།། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།