ཧ་སག་སི་ཐན་དངོས་སུ་སྲོག་ཁྲིམས་མེད་པའི་རྒྱལ་ཁབ་ཏུ་གྱུར་བ་རེད།

རྩོམ་པ་པོ།   དུས་ཚོད།   2021-01-05   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

       ཀྲུང་གོ་གསར་འགྱུར་ཁང་གིས་སྤྱི་ཚེས་2ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུས་ས་གནས་དེ་གའི་ཚེས་2ཉིན་རྒྱལ་ཁབ་དེས་སྲོག་ཁྲིམས་མེད་པ་བཟོ་བའི་འབྲེལ་ཡོད་ཁྲིམས་གཞིར་མཚན་རྟགས་བཀོད་དེ། ཧ་སག་སི་ཐན་དངོས་སུ་སྲོག་ཁྲིམས་མེད་པའི་རྒྱལ་ཁབ་ཏུ་གྱུར་བ་རེད།

        ཉིན་ཤས་གོང་། ཧ་སག་སི་ཐན་གྱི་གྲོས་ཁང་འོག་མས་སྤྱི་ལོ་2020ལོའི་ཟླ་12ཚེས་23ཉིན་འཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག《སྲོག་ཁྲིམས་མེད་པར་བཟོ་བའི་〈སྤྱི་དམངས་ཀྱི་དབང་ཆ་དང་ཆབ་སྲིད་དབང་ཆའི་རྒྱལ་སྤྱིའི་སྤྱི་ཆིངས〉ཀྱི་རང་དགར་འདེམས་པའི་ཆོད་ཡིག་གཉིས་པ》ཞེས་པ་ཆོག་མཆན་སྤྲོད་རྒྱུ་དང་འབྲེལ་བའི་ཁྲིམས་གཞིར་གྲོས་ཞིབ་དང་གྲོས་འཆམ་བྱུང་བ་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་གིས་ཁྲིམས་གཞི་དེར་མིང་རྟགས་བཀོད་པ་དེས་ཧ་སག་སི་ཐན་གྱིས་སྲོག་ཁྲིམས་མེད་པར་བཟོ་བའི་ཁྲིམས་ལུགས་འགྲོ་རིམ་ལེགས་འགྲུབ་བྱུང་བ་མཚོན་ཡོད།

         དེ་ལྟར་ཧ་སག་སི་ཐན་ནི་ད་ནས་བཟུང་སྲོག་ཁྲིམས་མེད་པའི་རྒྱལ་ཁབ་ཀྱི་གྲལ་དུ་ཞུགས་པ་རེད། ཡིན་ནའང་དམིགས་བསལ་གྱི་གནས་ཚུལ་ཡོད་དེ། ཧ་སག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཐེ་ལེ་ཝུ་པེར་ཅི་ཡིས་ངོ་སྤྲོད་བྱས་དོན།《སྲོག་ཁྲིམས་མེད་པར་བཟོ་བའི་〈སྤྱི་དམངས་ཀྱི་དབང་ཆ་དང་ཆབ་སྲིད་དབང་ཆའི་རྒྱལ་སྤྱིའི་སྤྱི་ཆིངས〉ཀྱི་རང་དགར་འདེམས་པའི་ཆོད་ཡིག་གཉིས་པ》ལྟར་ན། ཧ་སག་སི་ཐན་གྱིས་དམག་འཐབ་ཁྲོད་དམག་འཁྲུག་གི་ཉེས་པ་ཚབས་ཆེན་བསགས་པའི་མིར་སྲོག་ཁྲིམས་གཅོད་རྒྱུ་སོར་བཞག་བྱ་རྒྱུ་ཡིན་པ་རེད།

        ཧ་སག་སི་ཐན་གྱི་ཕྱི་འབྲེལ་པུའི་ཆ་འཕྲིན་ལ་གཞིགས་ན། སྤྱི་ལོ་2020ལོའི་ཟླ་9ཚེས་23ཉིན། ཧ་སག་སི་ཐན་གྱི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་འཐུས་མི་ཧེ་ལ་ཐེ་·ཨོ་མ་རོ་ཧྥུས་ཧ་སག་སི་ཐན་སྲིད་གཞུང་གི་ཚབ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ཁང་དུ་《སྲོག་ཁྲིམས་མེད་པར་བཟོ་བའི་〈སྤྱི་དམངས་ཀྱི་དབང་ཆ་དང་ཆབ་སྲིད་དབང་ཆའི་རྒྱལ་སྤྱིའི་སྤྱི་ཆིངས〉ཀྱི་རང་དགར་འདེམས་པའི་ཆོད་ཡིག་གཉིས་པ》ལ་མཚན་རྟགས་བཀོད་པ་རེད།

         ཧ་སག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཐེ་ལེ་ཝུའུ་པེར་ཅི་ཡིས་བསྟན་དོན། ཡིག་ཆ་དེར་མཚན་རྟགས་བཀོད་པའི་རྒྱལ་ཁབ་ཡོངས་ཀྱིས། ཕྱིན་ཆད་སྲོག་ཁྲིམས་ལག་བསྟར་མི་བྱེད་པའི་དམ་བཅའ་འཇོག་དགོས་ལ། དགོས་ངེས་ཀྱི་བྱེད་ཐབས་ཐམས་ཅད་སྤྱད་ནས་གང་དེའི་ཁོངས་གཏོགས་སུ་སྲོག་ཁྲིམས་མེད་པར་བཟོ་བའི་འོས་འགན་ཡང་ཡོད་པ་རེད། ཁོང་གིས་ད་དུང་སྲོག་ཁྲིམས་མེད་པར་བཟོས་པ་ནི་ཁྲིམས་ལུགས་ཀྱི་གནད་དོན་ཁོ་ན་མ་ཡིན་པར། དུས་མཚུངས་སུ་དེར་ཀུན་སྤྱོད་གཞུང་ལུགས་ཀྱི་དོན་སྙིང་ལྡན་ཕྱིར་སྤྱི་ཚོགས་ཀྱི་ཚོར་སྐྱེན་རང་བཞིན་གལ་ཆེན་ལྡན་ཡོད། འབྲེལ་ཡོད་ཁྲིམས་གཞིར་ཆོག་མཆན་བཀོད་པ་བརྒྱུད་ཧ་སག་སི་ཐན་གྱི་རྒྱལ་སྤྱིའི་སྙན་གྲགས་སྔར་ལས་ལྷག་པར་མཐོ་རུ་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད་འདུག

         དོན་དངོས་ཐོག་ཧ་སག་སི་ཐན་གྱིས་སྲོག་ཁྲིམས་མེད་པར་བཟོ་རྒྱུ་ཚོད་ལྟ་བྱས་ནས་ལོ་མང་འགོར་ཡོད། སྤྱི་ལོ་2003ལོའི་ཟླ་12པར། སྐབས་དེའི་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་པ་ཡར་ཧྥུས་ཙུང་ཐུང་བཀའ་རྒྱར་མཚན་རྟགས་བཀོད་ནས། ཧ་སག་སི་ཐན་གྱི་ཉེས་ཁྲིམས་ཁྲོད་ཀྱི་སྲོག་ཁྲིམས་དོན་ཚན་བཀག་འགོག་བྱས་ཤིང་། དུས་ཡུན་ངེས་མེད་ལ་སྲོག་ཁྲིམས་སྤྱོད་མཚམས་བཞག་པ་རེད། ཡིན་ནའང་མི་སྣ་ཤི་རྨས་བཟོས་པའི་འཇིགས་སྐུལ་བྱ་འགུལ་སྤེལ་མཁན་དང་དམག་འཁྲུག་གི་ཉེས་སྤྱོད་ཚབས་ཆེན་བསགས་མཁན་དེར་ཚུད་མེད། ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། སྲོག་ཁྲིམས་སྤྱོད་མཚམས་བཞག་པའི་བཀའ་ཁྲིམས་འགྲེམ་སྤེལ་བྱས་རྗེས། ཧ་སག་སི་ཐན་དུ་ཁྱོན་མི་5ལ་སྲོག་ཁྲིམས་བཅད་ཡོད་པ་དང་། སྤྱོད་མཚམས་མ་བཞག་པའི་སྔོན་ལ་ཁྱོན་མི་536ལ་སྲོག་ཁྲིམས་བཅད་ཡོད་པ་རེད།

རྩོམ་སྒྲིག་པ།  གཡུ་འཛོམས།