ཝུན་འབར་མྱུར་བགྲོད་གཞུང་ལམ་གྱི་མར་མེ་མདལ་ཕུག་ལམ་ཡོངས་སུ་ཕུག་ཚར་ཡོད།

​ལོ་འདིར་རླངས་འཁོར་ཤར་གཏོང་བྱེད་རྩིས་ཡོད་ལ། ཁྲེང་ཏུའུ་ནས་འབར་ཁམས་བར་དུས་ཚོད་3.5ཡིས་ཐོན་ཐུབ།

རྩོམ་པ་པོ།   རྡོ་རྗེ་དཔལ།དུས་ཚོད།   2020-11-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་11ཚེས་16ཉིན་གྱི་སྔ་དྲོར།ཝུན་འབར་མྱུར་བགྲོད་གཞུང་ལམ་གྱི་མར་མེ་མདལ་ཕུག་ལམ་གྱི་ཕྱོགས་གཉིས་ཡོངས་སུ་ཕུག་ཚར་བས། ལོ་འདིར་ཝུན་འབར་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད།

           མར་མེ་མདལ་ཕུག་ལམ་ནི་ལིས་རྫོང་ཀུབ་རོ་མགོ་གྲོང་རྡལ་གྱི་ཁོངས་སུ་ཡོད་ལ། སྤྱིའི་རིང་ཚད་སྤྱི་ལེ་13.15ཡོད། འཛུལ་སྒོ་དང་འབུད་སྒོ་ཡི་མཚོ་ངོས་ལས་མཐོ་ཚད་སྨི་2600ཡས་མས་ཡོད། རང་རེའི་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་གཉིས་པ་དེ་ཡིན་ལ། རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་མཚོ་ངོས་ལས་མཐོ་ཚད་མཐོ་བའི་ས་ཆ་ཡི་ཆེས་རིང་ཤོས་ཀྱི་ཕུག་ལམ་ཡང་ཡིན། ལས་མགོ་ཚུགས་པ་ནས་བཟུང་ལོ་ངོ་5ཡི་རིང་ལ་དཀའ་སྤྱད་འབད་བརྩོན་གྱིས་འཛུགས་སྐྲུན་བྱས་པ་རེད།

ཝུན་འབར་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་བྱུང་རྗེས། ཁྲེང་ཏུའུ་ཡི་གྲོང་ཁྱེར་སྐོར་ལམ་ནས་ལམ་ལ་ཆས་ཏེ། ཏུའུ་ཝུན་མྱུར་བགྲོད་གཞུང་ལམ་དང་ཝུན་འབར་མྱུར་བགྲོད་གཞུང་ལམ་བརྒྱུད་ན་འབར་ཁམས་སུ་ཐོན་ཐུབ་ལ། ལམ་ཐག་ཡོངས་ལ་དུས་ཚོད་3.5མ་གཏོགས་མི་དགོས།

           མ་འོངས་པ་ན། ཝུན་འབར་མྱུར་བགྲོད་གཞུང་ལམ་དེ་ནུབ་དང་ནུབ་བྱང་ཕྱོགས་སུ་བསྐྲུན་ནས། བོད་ལྗོངས་དང་མཚོ་སྔོན། ཞིན་ཅང་བཅས་ཀྱི་མྱུར་བགྲོད་གཞུང་ལམ་ལ་སྦྲེལ་བའི་སི་ཁྲོན་ནས་ཡུལ་གཞན་ལ་འགྲོ་བའི་ལམ་ཆེན་ཞིག་ཏུ་འགྱུར་ངེས་ཤིང་། སི་ཁྲོན་ཞིང་ཆེན་ཡང་རྒྱུད་གཅིག་ལམ་གཅིག་ལ་སྦྲེལ་བའི་བགྲོད་ལམ་གསར་བ་ཞིག་ཀྱང་ཡིན།

རྩོམ་སྒྲིག་པ།  གཡུ་འཛོམས།