ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུའི་ཐོག་ནན་བཤད་གནང་དོན།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས།

ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། ཝང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ། ཝང་ཧུའུ་ཉིང་གིས་གསུང་བཤད་གནང་བ།

རྩོམ་པ་པོ།   དུས་ཚོད།   2020-11-20   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

           ཞིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་16ཉིན་དང་ཚེས་17ཉིན་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བར། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་དོན་དངོས་ནས་འགོ་འཛུགས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་ཚད་ལ་དམིགས་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཤུགས་རྒྱག་སར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ། ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས།

       ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ནང་དོན་ཕུན་སུམ་ཚོགས་པ་དང་། རྒྱས་བཤད་གཏིང་ཟབ་པ། གཏན་ཚིགས་ཚགས་ཚུད་པ། མ་ལག་ཆ་ཚང་བ་བཅས་ཀྱི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེས། ལོ་རྒྱུས་དང་དོན་དངོས་ཕན་ཚུན་འབྲེལ་མཐུད་དང་། རྒྱལ་སྤྱི་དང་རྒྱལ་ནང་ཕན་ཚུན་འབྲེལ་བ། རིགས་པའི་གཞུང་ལུགས་དང་དོན་དངོས་ཕན་ཚུན་ཟུང་འབྲེལ་བཅས་གནང་བའི་ཀྱི་ཐོག་ནས། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་དགོས་དོན་གང་ཡིན་པ་དང་ཇི་ལྟར་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་པའི་དུས་རབས་ཀྱི་བླང་བྱ་དང་བསྟུན་ནས་བྱུང་བའི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་དང་། མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཤིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་རེད། དེས་ན་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་། གཞི་རྩའི་དགོངས་དོན་གསལ་པོ་རྟོགས་པ། དོན་གྱི་སྙིང་པོ་ཁོང་དུ་ཆུད་པ། ལས་ཀའི་བླང་བྱ་གསལ་པོ་ཤེས་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་ཏན་ཏིག་ཐུབ་པར་བྱེད་དགོས།

       ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་བཤད་གནང་དོན། རང་རེའི་ཏང་གིས་སྔར་ནས་ད་བར་དུ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་ཅིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་གསལ་པོར་བཏོན་པར་མ་ཟད།ད་དུང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ནང་བཅུག་ནས་སྐུལ་འདེད་ནུས་ལྡན་བཏང་བ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་དེའི་སྐོར་ཆེད་མངགས་ཞིབ་འཇུག་བྱས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས་བྱས་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས་ཏེ། སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སླར་ཡང་ཐབས་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འཕེལ་རྒྱས་གལ་ཆེན་བྱུང་ཡོད།

     ཞི་ཅིན་ཕིང་གིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་པའི་ལས་དོན་ཐད་བླང་བྱ་ཁག་11གནང་ཡོད་དོ།།

རྩོམ་སྒྲིག་པ།  གཡུ་འཛོམས།