ཀ་ཕྲེང་སེམས་ཀྱི་རི་མོ།

རྩོམ་པ་པོ།   རྨེའུ་རྐང་ཐང་བ། དུས་ཚོད།   2020-11-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཀ་དག་རྡུལ་བྲལ་སྣང་བ་ཆོས་སྐུ་ཡི་རང་བཞིན།།

ཁ་དོག་འགྲོ་དྲུག་འདྲེན་པའི་བྱིན་རླབས་ཀྱི་རང་མདངས།།

ག་ནས་བལྟས་ཀྱང་སྒྱུ་རྩལ་ཉམས་འགྱུར་གྱིས་ཕྱུག་པའི།།

ང་ཅག་ཚངས་དབྱངས་སྲས་མོས་དུས་ཀུན་ཏུ་སྐྱོངས་ཤིག།

ཅ་ཅོའི་ཚིག་ལ་བདེན་པའི་རང་ཚུགས་ནི་མི་འདུག།

ཆ་ལུགས་ཡ་མ་ཟུང་གི་སྤྱོད་ཚུལ་ལ་སུན་པས།།

ཇ་ཆང་འདུ་འཛི་བྲལ་བའི་དབེན་གནས་ཅིག་ཟིན་པའི།།

ཉ་གང་ཆོས་ལ་སྤྱོད་པའི་བཙན་ས་ཞིག་ཟིན་ཤོག།

ཏ་ཐཱ་ག་ཏའི་བསྟན་ལ་ཐོས་བསམ་གྱིས་ཕྱུག་ཅིང་།།

ཐ་མལ་ཉམ་ཐག་བུ་ལ་ཐར་ལམ་ནི་སྟོན་མཁས།།

ད་ལྟའི་སྐྱེས་ཆེན་གང་གི་ཞལ་གདམས་ལ་མཇལ་བའི།།

ན་མཉམ་གྲོགས་ལ་རྨད་བྱུང་སྐལ་བཟང་ཞིག་བསྐྲུན་ཤོག།

པ་སངས་ལྟ་བུའི་གཞུང་དོན་ཇི་བཞིན་དུ་རྟོགས་ཐབས།།

ཕ་མེས་སྐད་དང་རིག་གཞུང་འདི་ཉིད་ལས་མེད་པས།།

བ་མཆོག་དཔག་བསམ་ལྗོན་པའི་གྲིབ་བསིལ་ལ་སྙེག་བཞིན།།

མ་རིག་གཉེན་པོ་བསྟེན་པའི་ངེས་ཤེས་ཤིག་སྐྱེ་ཤོག།

ཙ་རི་འགྲིམ་པའི་སྔོན་བྱོན་སྐྱེས་ཆེན་གྱི་རྣམ་ཐར།།

ཚ་གྲང་ཆེ་བའི་དེང་གི་སྤྱི་ཚོགས་སུ་དཀའ་ཡང་།།

ཛ་ཏི་སྨན་མཆོག་ལྟ་བུའི་སྐད་ཡིག་གི་རིན་ཐང་།།

ཝ་ལེར་དམར་ཆུང་སྙིང་ནས་བརྗེད་མེད་ཅིག་མཛོད་དང་།།

ཞྭ་ལྟར་བཀུར་བའི་མཁས་པར་ངན་སྨྲས་ནི་སྤངས་ཤིང་།།

ཟ་ཟུར་གཏམ་གྱི་མདུང་ཁ་རང་རིགས་ལ་གཏད་པའི།།

འ་ཅག་ད་ལྟའི་སྨྱུག་འཛིན་མཁན་པོ་ཡི་སྤྱོད་ཚུལ།།

ཡ་རབས་མཛངས་པའི་ཡོན་ཏན་དེ་ལྟར་དུ་མ་ངེས།།

ར་བ་གངས་ཀྱིས་བསྐོར་བའི་བསིལ་ལྡན་གྱི་ལྗོངས་སུ།།

ལ་ལུང་གང་དུ་གནས་ཀྱང་རང་རིགས་ལས་མ་མཆིས།།

ཤ་རུས་དཔུང་བ་གཤིབ་པའི་མཐུན་སྒྲིལ་གྱི་སྟོབས་ཤུགས།།

ས་སྟེང་འདི་ན་རིན་ཆེན་གསེར་དངུལ་ལས་ལྷག་གོ།།

ཧ་ཅང་སྟོང་ལབ་བློ་ལ་གོམས་པ་ནི་ཆེ་བའི།།

ཨ་བུའི་སེམས་ལ་གང་ཤར་ཡི་གེ་ལ་ཕབ་སྟེ།།

ཧ་ལམ་མི་ལ་མཁོ་མིན་གསལ་ཆ་ནི་མེད་ཀྱང་།།

ཨ་མཚར་མ་ཡིན་ངག་ནས་ཐོལ་བྱུང་དུ་ཐལ་ལོ།།

རྩོམ་སྒྲིག་པ།  གཡུ་འཛོམས།