ཐོན་ལས་གསར་དུ་བཏོད།། སྔོ་རྩྭ་རྒྱ་ཆེར་བཏབ།།

རྔ་བ་རྫོང་གཅའ་རོ་གྲོང་རྡལ་ཧུ་ར་མ་གྲོང་སྡེས་ཕྱུགས་རྩྭ་བཏབ་ནས་དབུལ་སྒྲོལ་ལ་རམ་འདེགས་བྱས་པའི་སྐོར་བཀོད་པ།

རྩོམ་པ་པོ།   ནོར་བུ་ཚེ་རིང་།དུས་ཚོད།   2020-11-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

སྡེ་མི་ཚོས་ཕྱུགས་རྩྭ་འབྲེག་བཞིན་པ།

སྡེ་མི་ཚོས་བསྡུས་པའི་ཕྱུགས་རྩྭ་རླངས་འཁོར་དུ་འཇོག་བཞིན་པ།

ལས་བྱེད་པས་ཕྱུགས་རྩྭ་སྡུད་འཁོར་བསྐོར་ནས་ཕྱུགས་རྩྭ་སྡུད་བཞིན་པ།

ཧུ་ར་མ་གྲོང་སྡེའི་ནོར་གནག་མཉམ་ལས་ཁང་།

           སྟོན་མཇུག་གི་རླུང་བུ་བསིལ་བསིལ་ལྡང་དུས། དགུན་འགོ་མའི་ཁ་བ་ཡང་དལ་གྱིས་ས་གཞིའི་ཕང་བར་བབས། ཡིན་ཡང་། དྲོད་ཁོལ་ལྡན་པའི་ཉི་ཟེར་གྱིས་གཅའ་རོ་གྲོང་རྡལ་ཧུ་ར་མ་གྲོང་སྡེ་ཡོངས་སུ་ཁེབས་ཡོད།

         “གཅིག གཉིས། གསུམ།”སྡེ་མི་རྣམས་ཀྱིས་ཕྱུགས་རྩྭ་བསྡམས་ནས་རླངས་འཁོར་དུ་འཇོག་བཞིན་ཡོད། ད་ལོར་ཕྱུགས་རྩྭ་སྐྱེས་པ་ཡག་པས་རིན་གོང་མཐོན་པོ་རག་གི་འདུག་ཅེས་ཧུ་ར་མ་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་རྡོ་བསྟན་གྱིས་བཤད། ཕྱུགས་རྩྭ་དེ་དག་སྡེ་བའི་མཉམ་ལས་ཁང་དུ་གཞག་རྒྱུ་དང་དེ་ནས་རྒྱལ་ཁབ་མ་འཇོག་ཀུང་སི་སྒོ་རྩར་འདྲེན་ནས་ཉོ་རྒྱུ་རེད།

          ཕྱུགས་རྩྭ་འདེབས་པའི་རྟེན་གཞི་ནི་ཧུ་ར་མ་གྲོང་སྡེའི་ནོར་གནག་འཚོ་སྐྱོང་ཆེད་ལས་མཉམ་ལས་ཁང་གི་ཐོན་ལས་སྦྲེལ་ཐག་ཅིག་རེད། གཟན་རྩྭ་སྤུས་ལེགས་འདེབས་གསོ་བྱ་རྒྱུ་གཙོ་བོར་བཟུང་བའི་རྟེན་གཞིར་མིག་སྔར་མུའུ་2000ཡོད། 2016ལོར་དབུལ་བྲལ་གནད་སྒྲོལ་དང་བསྟུན་ནས། ཧུ་ར་མ་གྲོང་སྡེའི“ཨུ་ལྷན་གཉིས”དང་སྡེ་མིའི་འཐུས་མིས་བརྟག་ཞིབ་དང་གཅིག་སྡུད་གྲོས་བསྡུར་བྱས་པ་བརྒྱུད་ནོར་གནག་འཚོ་སྐྱོང་ལ་བརྟེན་ནས་འབབ་འཕར་ལ་རམ་འདེགས་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་བྱས་ཡོད་དེ། རྔ་བ་རྫོང་གཅའ་རོ་གྲོང་རྡལ་ཧུ་ར་མ་གྲོང་སྡེའི་ནོར་གནག་འཚོ་སྐྱོང་ཆེད་ལས་མཉམ་ལས་ཁང་བཙུགས།

         ལོ་3རིང་ལག་ལེན་ལས་གནད་དོན་མང་པོ་ཁྱད་དུ་བསད་དེ་ཐོན་ལས་གྲུབ་ཚུལ་ལེགས་འགྱུར་དང་ལེགས་སྒྲིག་བྱས་ནས།ཡུལ་བབ་དང་བསྟུན་ནས“གཟན་རྩྭ་སྤུས་ལེགས་འདེབས་པ་དང་ཕན་ཚུན་ཁ་གསབ་བྱེད་པའི”འདེབས་གསོའི་བསམ་ཕྱོགས་གསར་བ་བཏོན་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་འཚམ་པའི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ཡོད།

          འཁོར་སྐྱོད་གོ་རིམ་ལྡན་པར་འགན་ལེན་ཏན་ཏིག་བྱེད་ཆེད། མཉམ་ལས་ཁང་གིས་ཀྲི་པུའུ་དང་། མཉམ་ལས་ཁང་། འབྲོག་ཁྱིམ་བཅས་སྦྲེལ་བའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་བ་བཙུགས་ཤིང་སྡེ་བའི་ཏང་ཀྲི་པུའུ་ཡིས་འབྲོག་པ་མང་ཚོགས་ཁྲོད་ནས་ནོར་གནག་འཚོ་སྐྱོང་ལ་ཉམས་མྱོང་ཕུན་སུམ་ཚོགས་པའི་འབྲོག་ཁྱིམ་བདམས་ནས《རྩྭ་ར་བེད་སྤྱོད་གན་རྒྱ》བཞག་པ་རེད། རྩྭ་ར་མུའུ་2000བོགས་མར་བཏང་། ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཁེ་གཙང་གི་བརྒྱ་ཆ་30རྩྭ་རའི་བོགས་དངུལ་ལ་བརྩིས་ནས། ལག་བསྟར་ཅིན་ལིའི་འགན་འཁུར་བ་དང་། གདན་ཞུ་བྱས་པའི་དབུལ་སྒྲོལ་ཁྱིམ་ཚང་2ཀྱི་སྣེ་ཁྲིད་དེ་ཡུན་རིང་ཆེད་ལས་མཉམ་ལས་ཁང་གི་རྒྱུན་གཏན་འཁོར་སྐྱོད་སྲུང་སྐྱོང་ལས་དོན་སྤེལ་ཡོད། ཕྱུགས་རྩྭ་བརྔ་བསྡུ་བྱེད་རིང་སྡེ་བའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་རྩ་འཛུགས་བྱེད་པ་དང་། འབྲོག་ཁྱིམ་ངལ་རྩོལ་ལ་ཞུགས་སྐབས་མཉམ་ལས་ཁང་གིས་འཕྲུལ་ཆས་བཀོལ་སྤྱོད་ལག་རྩལ་བ་གདན་དྲངས་ནས་བརྔ་བསྡུ་བྱེད་པའི་ལས་འགན་ལེགས་སྒྲུབ་བྱས། ལོ་གཉིས་རིང་འབྲོག་ཁྱིམ་གྱི་ལས་མི་མི་ཐེངས་4000ཟིན་ཡོད།

          སྔོན་མར་སྡེ་མིར་ཞོར་ལས་སུ་འགྲོ་འདོད་ཆེན་པོ་ཡོད་ཀྱང་ཁྱིམ་མིར་ལྟ་རྟོག་བྱེད་ཐབས་བྲལ། བསམ་ཚུལ་འདི་ཐོག་མཐའ་བར་གསུམ་དུ་མངོན་འགྱུར་བྱུང་མེད། ད་ལྟ་ཡག་པོ་བྱུང་ཡོད་ལ། སྡེ་བའི་ནང་གི་ཕྱུགས་རྩྭ་འདེབས་པའི་རྟེན་གཞིར་ལས་ཀ་བྱེད་ཆོག་པས་ན་ནིང་ང་དང་བཟའ་ཟླར་ཟླ་རེར་གླ་ཆ་སྒོར་6000ལྷག་རག་བྱུང་ཞེས་སྡེ་མི་ཀླུ་སྒྲུབ་ཀྱིས་དགའ་ཚོར་ཆེན་པོས་བཤད།

          མིག་སྔར་རྟེན་གཞིར་ལོ་ལྟར་སྤུས་ལེགས་ཕྱུགས་རྩྭ་ཏུན་500ལྷག་ཐོན་གྱིན་ཡོད། ཆ་སྙོམས་ཏུན་རེར་རིན་གོང་སྒོར་1300ཡས་མས་ཡིན་པ་དང་། རིན་གོང་ནི་ལོ་དེའི་ཁྲོམ་རའི་གནས་ཚུལ་ལ་བསྡུར་ནས་ཅུང་ཙམ་འཕར་ཡོད། ལོ་རེར་ས་གནས་དེ་གའི་སྡེ་མིར་ཡོང་འབབ་སྒོར་ཁྲི་50ལྷག་ཡོང་གིན་ཡོད། ལོ་རེའི་ཟླ་11པ་ནས་ཕྱི་ལོའི་ཟླ་5བའི་བར་ནི་ཕྱུགས་ཟོག་བཤས་གཏོང་གི་དུས་ཡིན་པས། ནོར་གནག་གི་རིན་གོང་མར་ཆག་པས།བྱ་ཐབས་མང་པོ་སྤྱད་དེ་ཕྱུགས་རིགས་འཚོ་སྐྱོང་བྱེད་ཀྱིན་ཡོད། ཟླ་6པ་ནས་ཟླ་10བའི་བར། ཕྱུགས་རྩྭ་སྤུས་ལེགས་འདེབས་འཛུགས་དང་ཐོན་རྫས་ཐོན་སྐྱེད་བྱེད་པར་བརྟེན་ཁེ་བཟང་རག་ཐབས་བྱས་ཏེ་ཕྱུགས་རྩྭ་དང་ཕྱུགས་ཟོག་རེས་མོས་ངང་འཚོང་བའི་འཁོར་རྒྱུག་རྣམ་པ་ཞིག་ཆགས་ཡོད།ང་དང་བཟའ་ཟླ་གཉིས་ཀས་མཉམ་ལས་ཁང་དུ་ལས་ཀ་བྱེད་ཀྱིན་ཡོད། ཟླ་རེར་གླ་ཕོགས་བརྟན་པོ་རག་ཐུབ་པར་མ་ཟད། ནོར་གནག་30འཚོ་སྐྱོང་བྱས་ཡོད་ཅེས་སྡེ་མི་བསོད་ནམས་ཀྱིས་གསར་འགོད་པར་བཤད།

          ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་གཏོང་བ་བཅས་བྱས་པ་བརྒྱུད་ཧུ་ར་མ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 2019ལོར། ཕྱུགས་རྩྭ་ཏུན་500བརྔ་བསྡུ་བྱས་ཡོད། ལག་ཡོད་ཕྱུགས་རིགས་197ལ་ཁེ་སྤོགས་སྒོར་ཁྲི་50.5384ཟིན་ཡོད། མཉམ་ལས་ཁང་གིས་བརྒྱ་ཆ་20འཐེན་འཇོག་བྱས་པ་དང་ཁེ་སྤོགས་སྒོར་ཁྲི་15.165དང་འབྲོག་ཁྱིམ་ཡོངས་ཀྱི་ཁེ་སྤོགས་སྒོར་ཁྲི་25.269ཟིན་ཡོད།

         ཧུ་ར་མ་གྲོང་སྡེས་འདེབས་གསོའི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད། གྲོང་སྡེའི་ཐུན་མོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་། དོན་འཁྱོལ། གཉེར་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་ཤིང་། ཁེ་ཕན་བགོ་བཤའི་ལམ་ལུགས་འཛུགས་པར་གཙོ་ཁྲིད་བྱེད་པ་དང་། ཕྱོགས་སོ་སོ་ཞུགས་པའི་ཧུར་སེམས་མུ་མཐུད་སྐུལ་སློང་བྱས་ཏེ། སྣ་མང་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་ནང་གནས་ཀྱི་སྒུལ་ཤུགས་མཁོ་འདོན་བྱས་ཏེ་འབྲོག་པར་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་བཏང་ངོ་།། 

རྩོམ་སྒྲིག་པ།  གཡུ་འཛོམས།