དཀྲུགས་ཇ་ཡི་ཕན་ནུས་ཆེན་པོ་དགུ།

རྩོམ་པ་པོ།   དུས་ཚོད།   2020-11-19   རྩོམ་ཁུངས།    བདེ་ཆེན་བོད་ཡིག་སྨྱན་སྦྱོར།

          མདོ་དབུས་མཐོ་སྒང་དུ་འཚོ་གནས་བྱེད་བཞིན་པའི་བོད་མི་རྣམས་ལ་དཀྲུགས་ཇ་འཐུང་བའི་གོམས་གཤིས་ཡོད། གཤམ་ནས་དཀྲུགས་ཇའི་ཕན་ནུས་དགུ་ཕྱོགས་བསྡུས་བྱས་ཡོད་པ་སྟེ།

༡ ནུས་ཚད་ཁ་གསབ།     

         མདོ་དབུས་མཐོ་སྒང་དུ་འཚོ་གནས་བྱེད་བཞིན་པའི་བོད་མི་རྣམས་ཀྱིས་དཀྲུགས་ཇ་འཐུང་ནས་ལུས་པོའི་ནུས་ཚད་ཁ་གསབ་བྱེད་བཞིན་ཡོད། ཇའི་ནང་དུ་ཁ་ཧྥེ་རྒྱུ་མང་པོ་ཡོད་པས་དེ་འཐུང་ན་ལུས་པོའི་ནུས་ཚད་ཁ་གསབ་བྱེད་པའི་ནུས་པ་ལྡན་པར་མ་ཟད། དཀྲུགས་ཇའི་ནང་གི་ཞག་ཚིལ་གྱིས་ལས་ཀ་དང་སློབ་སྦྱོང་གི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ།

༢ ཀླད་པའི་བདེ་ཐང་།     

         ཀུན་གྱིས་ཤེས་གསལ་ལྟར། མིའི་ལོ་ན་ཇེ་མཐོར་ཕྱིན་པ་དང་བསྟུན་ནས་མི་རྣམས་ཀྱི་ཤེས་རྟོགས་ཀྱི་ནུས་པ་ཇེ་ཞན་དུ་འགྲོ་བཞིན་ཡོད། བརྗེད་ངེས་ཆེ་བ་དང་བློ་རྩེ་གཅིག་སྒྲིམ་བྱེད་དཀའ་བ། ལྷག་པར་ལ་ལར་ཀླད་པའི་ནད་དང་ཨ་ཚུ་ཧྥེང་མོ་སོགས་ནད་ལྗི་མོའི་རིགས་འབྱུང་སྲིད། དཀྲུགས་ཇའི་ནང་དུ་དབྱང་འགྱུར་འགོག་པའི་དམིགས་བསལ་གྱི་ནུས་པ་ཡོད་པ་དང་། ནུས་པ་དེས་གོང་གི་ནད་རིགས་དག་སྔོན་འགོག་བྱེད་ཐུབ།

༣ ཟས་འཇུ་བའི་ནུས་པ་ལེགས་སྒྱུར་བྱེད་པ།    

        དཀྲུགས་ཇས་འཇུ་སྟོབས་ཞན་པའི་ནད་རྟགས་མང་པོ་ལེགས་བཅོས་བྱེད་ཐུབ་པ་སྟེ། དཔེར་ན། འཇུ་སྟོབས་ཞན་པ་དང་གསུས་པ་སྦོས་པ། ཕོ་བ་སྐྱུར་བ་སོགས་ཀྱི་ཚད་ཇེ་དམའ་ལ་གཏོང་བ་དང་ཕོ་སྐྱུར་བསྐྱར་ལོག་བྱེད་པ་སོགས་ལེགས་བཅོས་བྱེད་ཐུབ་པར་མ་ཟད། ལུས་ཕུང་གི་རྙིང་ཚབ་གསར་བརྗེ་ལའང་ཕན་ནུས་ལྡན།

༤ ཚིལ་ཞུ་ཐུབ་པ།    

         ཚིལ་ཞུ་ཐུབ་ཅེ་ན་ངོ་མཚར་བར་སྣང་ཡང་། ཞིབ་འཇུག་བྱས་པ་ལྟར་ན། དཀྲུགས་ཇས་མིའི་ཡི་ག་ཚོད་འཛིན་བྱེད་པས། ལུས་ཀྱི་ཚིལ་མང་པོ་ཞུ་ནས་ངེས་པར་མཁོ་བའི་ནུས་པ་ཁ་གསབ་བྱེད་ཐུབ། ཇ་ནང་དུ་ཁ་ཧྥེ་རྒྱུ་ཞེས་པའི་ངར་བསྐྱེད་རྫས་ཤིག་ཡོད་པས། དེར་རྙིང་ཚབ་གསར་བརྗེ་བྱེད་པའི་ཕན་ནུས་ལྡན་ལ་ལྟོགས་སྣང་ཆེན་པོ་ཡོད་མི་སྲིད། ད་དུང་མར་ནི་ཚིལ་ཁུངས་ཕུན་སུམ་ཚོགས་པའི་ཟས་རིགས་ཤིག་ཡིན་པས། དུས་ཡུན་རིང་པོ་ཞིག་ལ་ལྟོགས་སྣང་མི་འཆར། དཀྲུགས་ཇ་འོས་འཚམ་འཐུང་ན་ལུས་ཀྱི་ཚིལ་ཞུ་ཐུབ་པ་ནི་གནས་ལུགས་མེད་པ་ཞིག་མ་རེད།

༥ མཐོ་སྒང་གི་ནད་སྔོན་འགོག་བྱེད་ཐུབ་པ།    

        ས་བབ་མཐོན་པོར་འཚོ་གནས་བྱེད་པའི་བོད་མི་རྣམས་ཀྱིས་རྒྱུན་ལྡན་གྱི་འཚོ་བའི་གོམས་གཤིས་ཁྲོད་ནས་མཐོ་སྒང་གི་ནད་རིགས་སྔོན་འགོག་བྱེད་པའི་རིག་པ་བཏོན་ཡོད་པར་གོར་མ་ཆག  དཀྲུགས་ཇ་ནི་མཐོ་སྒང་གི་ནད་ལ་ཧ་ཅང་ཕན་པའི་བཏུང་བྱ་ཞིག་ཡིན།

༦ པགས་ནད་ལ་ཕན་པ།   

         བོད་མི་རྣམས་ཀྱིས་རང་གི་ཁ་དང་གདོང་ལ་མར་བྱུགས་པའི་སྲོལ་ཡོད། དེ་ལྟར་བྱས་ན་རླུང་དང་ཉི་འོད་ཀྱིས་སྐྱི་པགས་ལ་བཟོས་པའི་གནོད་སྐྱོན་སྔོན་འགོག་བྱེད་ཐུབ། ཆེས་དཀའ་སྡུག་གི་ཆ་རྐྱེན་འོག་ཏུའང་དཀྲུགས་ཇས་ཁ་ངོ་སྣུམ་ཆིལ་ལེར་སྲུང་ཐུབ།

༧ སྙིང་ཁམས་བདེ་ཐང་ལ་ཕན་པ།    

        མི་མང་པོ་ཞིག་གིས་མར་ཟ་རྒྱུ་མང་དྲགས་ན་མཁྲིས་རྒྱུ་གཤེར་རྩི་འཕར་བར་འདོད། མཁྲིས་རྒྱུ་གཤེར་རྩི་ཇེ་མང་དུ་གྱུར་ཚེ་སྙིང་ནད་ཕོག་པའི་ཉེན་ཁ་ཆེ། ཡིན་ནའང་དཀྲུགས་ཇའི་ནང་དུ་བདེ་ཐང་ཅན་གྱི་སྣུམ་སྒྱུར་ཕལ་བ་མང་པོ་ཡོད་པས། སྣུམ་སྒྱུར་ཕལ་བས་མཁྲིས་རྒྱུ་གཤེར་རྩི་དམའ་རུ་གཏོང་ཐུབ་པས་སྙིང་ཁམས་བདེ་ཐང་ལ་གནོད་པ་མེད། མིག་སྔར། དཀྲུགས་ཇ་འཐུང་ན་ཐད་ཀར་མིའི་སྙིང་ཁམས་ལ་ཕན་པའི་ཤེས་རྟོགས་བྱུང་མེད་ཀྱང་། བོད་ཁུལ་དུ་སྙིང་ནད་ཡོད་པའི་མི་གྲངས་དེ་ནུབ་ཕྱོགས་རྒྱལ་ཁབ་དང་བསྡུར་ན་ཧ་ཅང་ཉུང་ཉུང་རེད།

༨ གཅིན་སྙིའི་ནད་ཀྱི་སྔོན་འགོག    

       དཀྲུགས་ཇའི་ནང་གི་ཉིང་མེང་སྐྱུར་གྱིས་ཁྲག་མངར་གྱི་ཆུ་ཚོད་འཛིན་བྱེད་ཐུབ་པས་གཅིན་སྙིའི་ནད་པ་རྣམས་ལའང་ཕན་པ་ཆེ།

༩ རིམས་འགོག་ནུས་ཤུགས་ཇེ་མཐོར་གཏོང་བ་ལ་ཕན།    

        དཀྲུགས་ཇའི་ནང་གི་དབྱང་འགྱུར་འགོག་རྫས་དང་བདེ་ཐང་ལ་ཕན་པའི་གཞི་རྒྱུ་མང་པོས་རིམས་འགོག་ནུས་ཤུགས་ཇེ་མཐོར་གཏོང་ཐུབ་པས། ནད་རིམས་སྔོན་འགོག་དང་བདེ་ཐང་ལ་ཕན་པ་ཡིན།

རྩོམ་སྒྲིག་པ།  གཡུ་འཛོམས།