མེས་པོ་གོང་མ་ཚོའི་བློ་གྲོས་དང་ཤེས་རབ་ཀྱིས་བསྐྱངས་པའི་སྤྲ་ནག་གྲུ་བཞི།

རྩོམ་པ་པོ།   མགོན་པོ་བཀྲ་ཤིས་དང་ནོར་བུ་ཚེ་རིང་གིས་བསྡུ་སྒྲིག་བྱས།དུས་ཚོད།   2020-11-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

གཅིག སྦྲ་ནག་གི་བྱུང་བ།

        སྦྲ་ནག་གི་སྐོར་བཤད་རྒྱུ་ཧ་ཅང་མང་པོ་ཡོད་ཀྱང་། ང་ལྟ་བུ་ཞིག་གིས་བཤད་མི་ཤེས་ཀི། ཤེས་ཚོད་ཀྱིས་བཤད་རྒྱུ་ཡིན། ང་ལ་མཚོན་ན་སྦྲ་ནག་ནང་ནས་ཕོ་ལོ་དྲུག་ཅུ་རེ་ལྔ་ཐོན་པ་རེད། ཕོ་ལོ་ལྔ་བཅུ་ལྷག་ཏུ་སྦྲ་ནག་ནང་ནས་བསྡད་པ་ཡིན། ང་སྐྱེ་ས་སྦྲ་ནག་གི་ནང་རེད། དེའི་སྟབས་ཀྱིས་སྦྲ་ནག་དང་ངེད་གཉིས་བར་དུ་བརྩེ་དུང་ཧ་ལས་པའི་ཆེན་པོ་ཡོད་ས་རེད། དེའི་རྐྱེན་གྱིས་སྦྲ་ནག་གི་ལོ་རྒྱུས་ཤོད་ཟེར་ན། བཤད་ཤེས་དགོས་ནི་རེད། ལོ་ལྔ་བཅུའི་ནང་སྦྲ་ནག་ནང་ནས་བསྡད་པ་ཡིན། སྦྲ་ནག་གི་སྐོར་བཤད་རྒྱུ་ཧ་ཅང་མང་པོ་ཡོད་པས། ཆ་ཚང་བཤད་ཤེས་རྒྱུ་མ་རེད། མ་ཤེས་ན་ཁྱེད་ཉན་པ་པོ་ཐམས་ཅད་ལ་དགོངས་དག་ཞུ།

        དེ་ཡིན་ན། རང་གི་ཤེས་ཚོད་ཀྱིས་བཤད་ན། སྤྱིར་སྦྲ་ནག་ཅེས་པ་ནམ་ཞིག་ལ་དར་ཞེས་བཤད་ན། བོད་ཀྱི་རྒྱལ་རབས་སུམ་ཅུ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་སྦྲ་ནག་དར་བ་རེད། དེའི་སྔོན་ནས་སྦྲ་ཞེས་པ་མ་ཡོད་ནི་མ་ཡིན། ཡོད་ནའང་སྦྲ་ནག་ཅེས་པ་མ་ཡོད་པ་རེད། སྦྲ་ཡོད་ནའང་། སྦྲ་དེ་ཅི་ཞིག་གིས་ལས་པ་རེད་ཟེར་ན། རྐྱང་ཀོ་དང་འབྲོང་ཀོ་སོགས་པགས་པའི་རིགས་ཀྱིས་ལས་པ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་དགེ་བ་བཅུའི་ཁྲིམས་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཞག དགེ་བ་བཅུའི་ཁྲིམས་ནང་དུ་སྲོག་གཅོད་མི་ཉན་གི། སྲོག་གཅད་མ་ཉན་ན་པགས་པ་མི་ཡོང་གི། པགས་པ་མ་ཡོད་ན་སྦྲ་ཟེར་བ་མི་ཡོང་གི། སྦྲ་ཞིག་གསར་དུ་ཇུས་འགོད་བྱེད་དགོས་ཀི། སྲོག་གཅད་མི་དགོས་པ། པགས་པ་མིན་ནི་ཞིག་ཇུས་འགོད་བྱེད་དགོས་ཟེར་ནས། གཅིག་ན་རིག་གནས་པ་ཡོན་ཏན་པ་སོགས་ཐབས་ཤེས་གང་ལ་གང་འཚམ་ཡོད་པ་ཚང་མས་གྲོས་བསྡུར་བྱས་ནས། རྩིད་པ་དང་ཁུལ་གཉིས་ལས་རྩིད་པ་རྒྱུ་དང་ཁུལ་གྱིས་བསྐྲུན་བྱས་ནས། ཐག་པ་ཟེར་རྒྱུ་མེད་ཀི། ཕྱི་ཆོན་ནང་ཆོན་ཁ་ཚང་རྩིད་པས་ལས་ཐུབ་པའི་སྦྲ་ནག་ཇུས་འགོད་བྱས་ནས་ཡོང་བ་རེད།

གཉིས། སྦྲ་ནག་གི་བཟོ་ལུགས་དང་མཚོན་དོན།

       དང་བོར། སྦྲ་ཇི་ལྟར་ཇུས་འགོད་བྱེད་པ་རེད་ཟེར་ན། སྦྲ་གསུམ་ཇུས་འགོད་བྱས་ནས་ཡོང་ཟིག སྦྲ་གཅིག་ནི་མཐིང་སྨུག་སྦྲ་རེད། དེ་ལ་ཚིགས་གསུམ་དང་སྦྲ་ནག་གྲུ་བཞི་ཟེར་ཀྱང་ཆོག ཟེར་ཚུལ་གཉིས་ཡོད་ཀྱང་དོན་གཅིག་མིང་གི་རྣམ་གྲངས་རེད། དེ་སྦྲ་གཅིག་རེད། འུ་ཅག་འབྲོག་པས་ཁ་སང་དེ་རིང་བེད་སྤྱོད་བྱེད་བཞིན་པའི་སྦྲ་ནག་དེ་རེད།

        གཉིས་པ་ནི་སྦྲ་ནག་རྡོ་སྟ་མ་ཟེར་བ་ཞིག་དམག་གིས་བཀོལ་སྤྱོད་བྱེད་པའི་སྦྲ་ཞིག་ཡང་ལས་པ་རེད། དེང་སང་ཡིན་ན་གུར་ནང་ན་གུར་སྟར་སོར་ཟེར་བའི་ཚུགས་ཀ་འདྲ་ཞིག་ཡིན་ནམ་སྙམ། ཡང་རས་ཀྱིས་ལས་པ་ཞིག་རེད། རྗེས་སུ། དམག་གི་དམག་དཔོན་དག་ཁ་ཐུག་ས་ལ་སྦྲ་ནག་ཚང་ཞེས་པ་ཞིག་ཇུས་འགོད་བྱས་པ་རེད། དང་བོ་སྦྲ་གསུམ་ཙམ་ཞིག་ཇུས་འགོད་བྱས་ནས་ཡོང་བ་རེད། སྦྲ་འདི་ཇུས་འགོད་བྱེད་དུས་གང་བདེ་དང་། ཆུ་ཆར་བ་དང་རླུང་བསེར་བུ་འགོག་ཐབས་ཙམ་ཞིག་མ་ཡིན་པར། སྦྲ་ནག་ཟེར་བ་ལ་གཅིག་ན་མཚོན་དོན་གྱི་སྐོར། གཉིས་ན་མཚན་ཉིད་ཀྱི་སྐོར་ཟེར་བ་སོགས་མང་པོ་ཡོད་ཀི། མཁས་པའི་དབང་བོ་དང་གྲུབ་པའི་སྐྱེས་མཆོག་མང་པོ་ཁ་ཐུག་ནས། རྩིས་དང་ཀུན་པོ་ཐོད་གཏུགས་ནས་སྦྲ་ནག་ཇུས་འགོད་བྱས་པ་རེད། ངས་ཤེས་ཚོད་ཀྱིས་བཤད་ན། སྦྲ་ནག་ཟེར་བ་དེ་གནའ་དང་དེང་གི་བར་ཁྱད་པར་ཅུང་ཙམ་ཡོད་རྒྱུ་རེད། ལོས་ཡིན་ཏེ། ལོ་ངོ་སྟོང་གཉིས་ལྷག་སོང་ཡོད་ཀི། ཁྱད་པ་མེད་ཁག་མི་ཉན་གི། རྗེས་ནས་སྦྲ་ནག་ཇེ་རྒྱས་དང་ཇེ་ཆེ་སོང་བ་རེད།

         ཐོག་མའི་སྦྲ་ཇུས་འགོད་བྱེད་དུས་ཁ་ཚུབ་དཀར་པོ་ཡིན་པ་འདི། སྟེང་མ་ལྷ་ཡི་མཚོན་དོན་ཡིན། མཐིང་སྨུག་སྦྲ་ལ་ཚིགས་གསུམ་ཡོད་པའི་ཚིགས་གསུམ་འདི། སྲིད་པ་གསུམ་གྱི་མཚོན་དོན་ཏེ། ལྷའི་སྲིད་པ་དང་མིའི་སྲིད་པ། ཀླུའི་སྲིད་པ་གསུམ་གྱི་མཚོན་དོན་ཡིན། ཁ་ཐིག་ངོ་འདབས་གསུམ་པོ་འདི། དཀོན་མཆོག་གསུམ་གྱི་མཚོན་དོན་ཡིན། མཚོན་དོན་གྱི་སྐོར་རེད། མཚོན་དོན་དང་མཚན་ཉིད་ཟེར་ན་གཅིག་པ་འདྲ་ཞིག་རེད། གཅིག་མ་ཡིན་པར་བྱས་ན་དེ་འདྲ་རེད། ཕལ་ཆེར་གཅིག་པ་འདྲ་རེད། དེའི་འཕྲོ་ནས། ཆུ་འདབས་སྔོན་པོ་ཡིན་པ་འདི། མ་དྲོས་ཀླུ་ཡི་མཚོན་དོན་ཡིན། སྔོན་ཆད་ཡིན་ན་རྩིད་པ་འདང་མི་འདང་ཡོད་པས། ཆུ་འདབས་སྔོན་པོ་བྱེད་ན་ཆོག་པ་ཡིན། སྔོན་པོ་ཀླུ་ཡི་མཚོན་དོན་ཡིན་ཟེར། གྲུ་མགོ་ལྷ་སྒོ་བཞི་བོ་འདི། རླུང་རྟ་དར་བའི་མཚོན་དོན་ཡིན། སྟག་སེང་ཁྱུང་འབྲུག་བཞི་བོའི་མཚོན་དོན་ཡིན། གྲུ་ག་ལྷ་སྒོ་ལྔ་བོ་འདི། མཆོག་བཞི་བོ་དང་སྒོ་ཁ་ལྔ་བོ་འདི། འབྱུང་བ་ལྔ་ཡི་མཚོན་དོན་ཡིན། ས་ཆུ་མེ་རླུང་ནམ་མཁའ་དང་ལྔ་བོའི་མཚོན་དོན་ཡིན། ས་མདོག་ཐིག་དཀར་དགུ་བོ་འདི། རྨེ་བ་དགུ་ཡི་མཚོན་དོན་ཡིན། གྲུ་མགོ་ཆོན་ཆེན་བརྒྱད་པོ་འདི། སྤར་ཁ་བརྒྱད་ཀྱི་མཚོན་དོན་ཡིན། ཕྱི་ཡི་ཆོན་ཆེན་བཅུ་བོ་འདི། དགེ་བཅུ་ཚང་བའི་མཚོན་དོན་ཡིན། ངོ་ཐིག་གྲུ་བཞི་བཅུ་གཉིས་འདི། ལོ་རེས་བཅུ་གཉིས་ཀྱི་མཚོན་དོན་ཡིན། ཕྱི་ཀ་ནང་ཀ་བཅུ་གསུམ་འདི། དགྲ་ལྷ་ཝེར་མ་བཅུ་གསུམ་གྱི་མཚོན་དོན་ཡིན། ཕུར་བ་ཉི་ཤུ་རྩ་བདུན་འདི། རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི་མཚོན་དོན་ཡིན། ཕོ་ལོང་མོ་ལོང་སུམ་ཅུ་འདི། ཆ་རུ་སོགས་ཀྱི་རིགས་དེ་རེད། ཕོ་ལོང་གཡས་སུ་འགྲོ་བ་དང་མོ་ལོང་གཡོན་དུ་འགྲོ་བ་ཡིན། ཟླ་ཞག་སུམ་ཅུའི་མཚོན་དོན་ཡིན། ཆ་རུ་དྲུག་ཅུ་ཐམ་པ་འདི། ལོ་རྒན་དྲུག་ཅུའི་མཚོན་དོན་ཡིན། ཆོན་ཐག་གཟི་མིག་སུམ་བརྒྱ་དྲུག་ཅུ་འདི། ལོ་འཁོར་སུམ་བརྒྱ་དྲུག་ཅུའི་མཚོན་དོན་ཡིན། མཚོན་དོན་སྐོར་ནས་དེ་འདྲ་རེད།

          སྟེང་ནི་ཆོས་སྐུའི་བཀོད་པ། བར་ལོངས་སྐུའི་བཀོད་པ། འོག་སྤྲུལ་སྐུའི་བཀོད་པ། མཚོན་དོན་སྐོར་དེ་ལྟར་བཤད་ཡོད་ཀི། འདིའི་ནང་གི་ངོ་ཐིག་དག་ཡིན་ན་ཐད་དུ་འཕངས་པ། གསེག་ཏུ་འཕངས་པ། དྲང་དུ་འཕངས་པ་རྣམས་ལས་རྒྱུ་འབྲས་ཀྱི་མཚོན་དོན་དང་། ཚེ་སྔ་ཕྱིའི་མཚོན་དོན། དཀར་བོ་དགེ་བའི་ཕྱོགས་བསྒྲུབ་ན། འབྲས་བུ་བདེ་བ་འབྱུང་བ། ནག་པོ་སྡུག་པའི་ཕྱོགས་སུ་སོང་ན། འབྲས་བུ་སྡུག་བསྔལ་འབྱུང་བ་སོགས་ཀྱི་མཚོན་དོན་ཡིན། ཁྱད་པར་དུ། ཆ་རུ་ཡིན་ན་ཕོ་ལོང་མོ་ལོང་སུམ་ཅུ་ཐམ་པ་བོའི་ཆ་ཁ་ནང་དུ་བསྐོར་ནས་སྒྲོག་དགོས། ཆ་ཁ་ནང་དུ་བསྐོར་ནས་སྒྲོག་ན། ཕོ་མོ་མི་འབྲལ་ལས་འབྲེལ་བཟང་བོ་འདི་ན་ཡོད། ལས་འབྲེལ་སེམས་ཀྱི་དམ་ཚིག་བཟང་བོ་འདི་ན་ཡོད། མཚོན་དོན་སྐོར་ནས་དེ་འདྲ་བཤད་ཡོད་ཀི། དེ་བས་ཕྱིར་བསྐོར་ནས་ཆར་མི་ཉན་པ་དེ་འདྲ་རེད། ཕུགས་ཆོན་དཀར་བོ་ལྷ་ཡི་ཡུལ་དུ་འཐེན། དེ་ལ་ཤུག་པའི་ཀ་ར་དགོས། ཤིང་ཤུག་པ་མ་ཡིན་ཕྱུག་པ་ཡིན། མི་ཕྱུགས་རྟག་བརྟན་ཡོང་བའི་རྟེན་འབྲེལ་ཡོད། སྒོ་ཆོན་སྔོན་པོ་ཀླུ་ཡི་ཡུལ་དུ་འཐེན། དེ་ལ་སྟག་མའི་ཀ་ར་དགོས། ཤིང་སྟག་མ་མ་ཡིན་རྟག་པ་ཡིན། མི་ཕྱུགས་རྟག་བརྟན་ཡོང་བའི་སྨོན་ལམ་ཡོད། དཔེར་ན་དེ་འདྲ་ཞིག་རེད། དེ་མ་ཡིན་པའི་སྟེང་ནས་དཔེར་བཞག་ན། སྦྲ་ནག་གི་ཕྱིའི་བཀོད་པ་ནི་རི་རབ་རྒྱལ་བོའི་བཀོད་པ་ལྟ་བུ་ཡིན། ཐོག་གི་ཆོན་ཆེན་བཞི་བོ་འདི། རྒྱལ་ཆེན་སྡེ་བཞིའི་མཚོན་དོན་ཡིན། གཞུག་གི་གྲུ་མགོ་བཞི་བོ་ཕྱོགས་བཞིར་འཐེན་པ་ནི། མཐུན་པ་རྣམ་བཞིའི་མཚོན་དོན་ཡིན།

          སྦྲ་ནག་ཚིགས་གསུམ་འདི་ནི་མཐོ་སྒང་དུ་མེད་དུ་མི་རུང་བ་ལྟ་བུ་ཡིན། འདི་ས་གང་ནས་ཕུབ་ཀྱང་བྲག་རི་བཙན་གྱི་གཉན་ས། ཆུ་མིག་ཀླུ་ཡི་གཉན་ས། སྤང་རི་མི་མ་ཡིན་གྱི་གཉན་ས་ལ་སོགས། ས་གཉན་ཤིང་གཉན་ཆུ་གཉན་བཅས་ས་གང་དུ་ཕུབ་ན། འདི་ལ་གནོད་པ་མི་ཐུབ་པའམ། གནོད་པ་མི་ཚུགས་པའི་མཚོན་དོན་ཁ་ཚང་བསྒྲིགས་ཡོད་པའི་རྒྱུ་མཚན་དེ་འདྲ་རེད། དེ་ཡིན་སོང་ན། སྔོན་ཆད་ཡིན་ན། ངེད་ཅག་ཆུང་ཆུང་ཡིན་དུས། སྟོན་མོ་ཞིག་བཞག་ན་སྦྲ་ནག་ནང་ནས་སྟོན་མོ་འཇོག་གི་ཡོད་ཀི། དེང་སང་ལྟ་བུ་སྐྱེས་ཕོ་འཐད་མོ་འཐད་མིན་ནའང་། ཕ་མས་ཕོ་བཀུག་མོ་བཀུག་བྱས་ནས་ལྷན་དུ་བཞག་པ་ཡིན་ན། བུ་རྒྱུད་ཅིག་ཡོད་སོང་ན། བུ་རྒྱུད་ཅིག་བར་དུ་ཡོད་སོང་ཐལ། བཟའ་ཚང་ཉན་སོང་ཐལ། བཟའ་ཚང་ཆ་སོང་ནི་རེད། ཚེ་གཅིག་གི་མྱི་ཉན་སོང་ནི་རེད་ཟེར། དེ་ངོ་མ་ངོ་ཐོག་རེད། ཁྱེད་ཚོས་ལོ་ལོན་ཚོར་དྲིས་དང་དེ་འདྲ་ཡིན། ཁ་རྩང་དེ་རིང་ཡིན་ན་སྦྲ་ནག་ནང་ནས་སྟོན་མོ་འཇོག་ནི་ཉུང་ཉུང་འདྲ་ཡིན་ནི་རེད། ཁ་ཁེར་མ་གཏོགས་ཡོད་ནི་མ་རེད། སྟོན་མོ་ཟིག་བཞག་ན་བུ་ཕྲུག་ལྔ་དྲུག་དྲུག་བདུན་ཡོད་ན། བཟའ་ཚང་བགོ་བར་མཛད་པ་མི་སྒོམ་པ་དེ་འདྲ་རེད། འདི་ཚང་མ་ངས་དཔྱད་གཞིའི་སྟེང་འདང་བརྒྱབ་ནས་སོང་ན། སྦྲ་ནག་ནང་ནས་སྟོན་མོ་མ་བཞག་པའི་སྟབས་ཀྱིས་ཡིན་རྒྱུ་རེད་སྙམ། སྦྲ་ནག་འདི་ཡིན་ན་མཁས་པའི་དབང་བོ་གྲུབ་པའི་སྐྱེས་མཆོག་མང་པོ་ཞིག་གིས། ཇུས་འགོད་བྱས་པ་ཡིན་པས་གང་ལྟར་ཀྱང་། མཚོན་དོན་གྱི་སྐོར་རེད། རྟེན་འབྲེལ་གྱི་སྐོར་རེད། སྤར་ཁའི་སྐོར་སོགས་གང་གི་ཐད་ནས་ཡིན་ན་ཧ་ཅང་རྟེན་འབྲེལ་མང་བོ་ཞིག་བསྒྲིགས་ནས་ཡོང་བ་ཡིན་པས། འདིའི་ནང་ནས་སྟོན་མོ་བཞག་ན་བཟའ་ཚང་ཉན་པ་དང་། མི་ཐོག་ལ་ན་ཚ་མེད་པ། ཕྱུགས་ཐོག་ལ་གོད་ཁ་མེད་པ་ལ་ཕན་ཐོགས་ཡོད་ཀྱི་རེད་བསམ་པ་དེ་འདྲ་རེད། དེ་ང་རང་གི་དཔྱད་གཞི་ཙམ་ཞིག་ཡིན། དེ་དག་ཡིན་མིན་མི་ཤེས་ཀི། མིན་ན་ཁྱེད་རྣམ་པ་ཚོར་དགོངས་དག་ཞུས་པ་ཡིན། དེ་མ་གཏོགས་བཤད་མི་ཤེས་ཀི། འདིའི་ནང་ན་མིན་པ་མང་བོ་ཡོད་རྒྱུ་རེད། ཡོད་ན་ཁྱེད་རྣམ་པ་ཚོར་དགོངས་དག་ཞུའོ།།

རྩོམ་སྒྲིག་པ།  གཡུ་འཛོམས།